རྗེ་ཀརྨ་སེང་གེའི་རྣམ་ཐར།


 རྗེ་ཀརྨ་སེངྒེའི་རྣམ་ཐར། 
ཆོས་རྗེ་ཀརྨ་སེངྒེ་ནི་ཕྱི་ལོ་༡༢༤༨ ས་སྤྲེལ་ལོ་རྒྱལ་མོ་རོང་དུ་ནོར་མཛོད་ཚང་གི་ཁྱིམ་དུ་ཡབ་མགོན་པོ་ཚེ་རིང་དང་ཡུམ་སྒྲོལ་མ་ལྷ་མོ་གཉིས་ལས་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཡབ་ཀྱིས་བོན་དགོན་ཞིག་ཏུ་བོན་ཆོས་བསླབས་ཀྱང་བསླབ་འདུན་མེད་པས་དབུས་ལ་བྲོས་འགྲོ་དུས་ལམ་ཞོར། 

སྨར་ཁམས་སུ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པ་ཙོམ་མདོ་གནས་གསར་མགོན་དུ་ཕེབས་དུས་འགྲོ་མགོན་རིན་ཆེན་མཇལ་བ་དང་དད་གུས་ཚད་མེད་སྐྱེ།  ཙོམ་མདོ་དགོན་གྱི་མཁན་པོ་ཀརྨ་རིན་ཆེན་སོགས་ལས་རབ་ཏུ་བྱུང་བས་མཚན་ཀརྨ་སེངྒེ་གསོལ། མཁན་པོ་དང་འོད་ཟེར་ནོར་བུ་སོགས་དགེ་བའི་བཤེས་གཉེན་གྱི་ཞལ་ལས་དབུ་མ། ཕར་ཕྱིན། འདུལ་བ། མངོན་པར་མཛོད། ཚད་མ་སོགས་མདོ་གཞུང་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་མཛད་པས་མཁས་པ་གྱུར།  འགྲོ་མགོན་རིན་ཆེན་ལས་སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་སོགས་གསན་བསམ་སྒོམ་གསུམ་མཛད་པས་ཉམས་རྟོགས་སྐྱེས།  འགྲོ་མགོན་རིན་ཆེན་དང་རྒྱལ་མཚན་འོད་ཟེར་སོགས་ལས་བསྙེན་པར་རྫོགས།  ཙོམ་མདོ་གནས་གསར་དགོན་གྱི་རྒྱལ་ཚབ་གསུམ་པའི་ཐུགས་འགན་བཞེས་ནས་དགེ་འདུན་རྣམས་ལ་ཆོས་ཁྲིམས་རྒྱུན་སྐྱོང་མཛད་པས། གདན་ས་འདི་སློབ་གཉེན་ལ་ཡར་རྒྱས་གོང་སྤེལ་བགྱིས་པའི་མཛད་རྗེས་རླབས་ཆེན་བསྐྱངས་ནས་ཕྱི་ལོ་༡༣༠༡་ལོ་ལྕགས་གླང་ལོ་བདེ་བར་གཤེགས། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།