རྗེ་ཀ་ཆེན་ཡེ་ཤེས་རྒྱ་མཚོའི་རྣམ་ཐར།




ཀ་ཆེན་ཡེ་ཤེས་རྒྱ་མཚོ་ནི་ཕྱི་ལོ་༡༥༨༧་མེ་ཕག་ལོ་སྨར་ཁམས་ཁྱུང་འབུམ་རྫོང་འགོ་དགོན་པའི་ཉེ་འདབས་སུ་ཡབ་སངས་རྒྱས་དང་ཡུམ་ལྷ་མོ་གཉིས་ལས་སྐུ་འཁྲུངས། བཀྲ་ཤིས་རྒྱ་མཚོ་སོགས་ལ་རབ་ཏུ་བྱུང་བས་མཚན་ཡེ་ཤེས་རྒྱ་མཚོ་གསོལ། 


བླ་མ་དེ་ཉིད་ལས་སྨར་ཚང་ཕྱག་ཆེན་དང་རྫོགས་ཆེན་གྱི་ཆོས་བསྐོར་ཐོས་བསམ་བྱས་ནས་ཡང་རི་དབེན་ཁྲོད་དུ་སྨར་ཚང་ཕྱག་ཆེན་དང་རྫོགས་ཆེན་གྱི་ཆོས་ཚུལ་ཉམས་སུ་བླངས་པའི་གྲུབ་ཐོབ་ཆེན་པོ་གྱུར། རྗེ་འདི་དགུང་ལོ་༥༢་སོན་པའི་ལོར་སྲོག་པོ་གུ་ཤྭི་སྨར་ཁམས་སུ་འབྱོར་ནས་སྨར་ཚང་གིས་གདན་ས་ཤོ་དགོན་ལ་ལོ་ཉི་ཤུའི་རིང་དམག་སྒར་ཟིན་ཞིང་དགོན་མ་ལག་དང་བཅས་པ་གཏོར་བཤིག་བཏང་།  དགུང་ལོ་དྲུག་ཅུ་རེ་གསུམ་ས་གླང་ལོ་བདེ་བར་གཤེགས།  རྫོང་འགོ་དགོན་པ་འདི་ཕྱིས་སུ་འབྲུག་པ་བཀའ་བརྒྱུད་ཀྱིས་བཟུང་ནས་དབེན་དགོན་ཞིག་ཏུ་གྱུར་ཏེ། གྲོང་སྡེ་དེར་སྲུང་མ་ཇག་པ་མེ་ལེན་སོགས་རིམ་གྲོ་ཐམས་ཅད་ཨ་ལ་གཏོར་པ་ཚང་གིས་བྱས་སྲོལ་དུས་འགྱུར་བར་ཡོད། དགོན་པ་དེ་རིམ་བཞིན་ཁྱིམ་ཚང་འདྲེས་པ་གྱུར་པའི་རྫོང་འགོ་བླ་མ་ཚང་ཡིན། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།