རྗེ་དཀོན་མཆོག་རྡོ་རྗེའི་རྣམ་ཐར།




ཆོས་རྗེ་དཀོན་མཆོག་རྡོ་རྗེ་ནི་ཕྱི་ལོ་༡༤༣༧་མེ་སྤྲུལ་ལོ་ཤར་རྒྱལ་མོ་རོང་དུ་ཁང་གསར་ཚང་གི་ཡབ་ཚུལ་ཁྲིམས་དར་རྒྱས་དང་། ཡུམ་ཚེ་རིང་ལྷ་མོ་གཉིས་ལས་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཡུམ་འདས།

དགུང་ལོ་བཅུ་གསུམ་ལ་ཡབ་ཀྱིས་བཀྲ་ཤིས་དགོན་གྱི་མཁན་པོ་དོན་གྲུབ་རྡོ་རྗེའི་དྲུང་དུ་བཅོལ། མཁན་པོས་འབྲི་ཀློག་བསླབ་ཅིང་དགུང་ལོ་བཅུ་བཞི་ལ་མཁན་པོ་ལས་རབ་ཏུ་བྱུང་བས་མཚན་དཀོན་མཆོག་རྡོ་རྗེ་གསོལ། མཁན་པོ་ལས་རིག་གནས་དང་མདོ་གཞུང་མང་པོ་ཐོས་བསམ་བྱས།   སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་སྒོར་ཞུགས་འདུན་སྐྱེས་ནས་དཔལ་གྱི་ཤོ་དགོན་དུ་ཕེབས།  ཡེ་ཤེས་རྒྱལ་མཚན་ལས་མདོ་གཞུང་མང་པོ་ལ་ཐོས་བསམ་བྱས་པས་མཁས་པ་གྱུར།  ཨ་རྡོ་དཀོན་མཆོག་རྒྱལ་མཚན་ལས་སྨར་ཚང་ཕྱག་ཆེན་སོགས་གསང་ཆོས་ཟབ་མོ་ཐམས་ཅད་ཞུ་ནས་ཙོམ་མདོ་གནས་གསར་དགོན་གྱི་རི་ཁྲོད་ལ་སྒོམ་སྒྲུབ་ཉམས་ལེན་བྱས་པས་ཉམས་རྟོགས་རྒྱས།  དགུང་ལོ་ལྔ་བཅུ་ང་གསུམ་ལ་ཙོམ་མདོ་གནས་གསར་དགོན་གྱི་རྒྱལ་ཚབ་བཅུ་པའི་ཐུགས་འགན་བཞེས་པ་སོགས་མཛད་འཕྲིན་རླབས་ཆེན་བསྐྱངས་ནས་ཕྱི་ལོ་༡༤༩༩་ས་ལུག་ལོ་བདེ་བར་གཤེགས། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།