རྟོགས་བརྗོད་སྦྲང་རྩིའི་ཐིག་པ།

                                                       མཁན་ཆེན་ཀུན་དགའ་དབང་ཕྱུག་ལ་ན་མོ།

འོད་གསལ་ཆོས་དབྱིངས་མེ་ལོང་ལ། །

འགྲོ་འོངས་བྱ་བྱེད་མེད་ན་ཡང་། །

སྟོང་གཟུགས་བཤེས་གཉེན་ཚུལ་བསྟེན་པའི། །

བླ་མ་ཁྱོད་ལ་དད་ཕྱག་འཚལ། 


  ཟླ་བ་གཉིས་སུ་མེད་ན་ཡང་། །

ཆུ་ནང་ཟླ་གཟུགས་སྣ་ཚོགས་ལྟར། །

ཆོས་དབྱིངས་གཉིས་སུ་མེད་ན་ཡང་། །

འགྲོ་དོན་སྤྲུལ་པ་སྣ་ཚོགས་མཛད། །

མ་དག་སྒྱུ་མའི་ཡུལ་འདི་ན། །

ཆོས་ཅན་མཐུན་སྣང་མེད་པའི་ཕྱིར། །

བླ་མ་སངས་རྒྱས་ཉིད་ལ་ཡང་། །

ཡོན་ཏན་སྐྱོན་དུ་མཐོང་བ་མང་། །

འགྲོ་ཀུན་དགའ་བའི་དབང་ཕྱུག་པའི། །

མཁན་ཆེན་རྡོ་རྗེ་འཆང་དབང་གི །

རྣམ་ཐར་གསེར་རིའི་ལྷུན་པོ་ལ། །

ཇི་བཞིན་འགྲེལ་པ་དཀའ་ན་ཡང་། །

དབུས་འགྱུར་ཞིང་ན་པཎྜི་ཏ། །

སྨིཏི་ཛྙྰ་ནའི་སྐྱེ་བ་བཞེས། །

གྲངས་མེད་དཀའ་བ་ཁྱད་བསད་ནས། །

བྷོ་ཊ་མུན་པའི་ཡུལ་དུ་བཞུད། །

མདོ་སྔགས་བསྟན་པ་ཉམ་གྱུར་པའི། །

དཔྱད་གསུམ་དག་པས་གསོ་བར་མཛད། །

ཆོས་འཁོར་བསྐོར་བའི་འོད་སྣང་གིས། །

འགྲོ་བ་མུན་པའི་ཡུལ་ལས་བསྒྲལ། །

མཐོ་སྒང་ནོར་འཛིན་ཐིག་ལེ་ན། །

རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི། །

སྐྱེ་བ་མངོན་པར་ཚུལ་བཞེས་ནས། །

ཆོས་སྡེ་ཆེན་མོ་ཕྱག་གིས་བཏབ། །

ཁྲི་ཕྲག་འདུས་པའི་དགེ་འདུན་ལ། །

བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཆོས། །

བསྐོར་བའི་དེད་དཔོན་ཆེན་པོ་ཡིས། །

འགྲོང་མང་ཐར་པའི་གླིང་དུ་འདྲེན། །

བསྟན་པ་ནུབ་ལ་འགྲིབ་ཉེ་བའི། །

ལྔ་བདོ་དུས་ཀྱི་མཐའ་མ་འདིར། །

ད་དུང་ཐུགས་ཀྱིས་མ་བཟོད་ནས། །

སླར་ཡང་ལན་གཅིག་ཚུལ་དུ་བྱོན། །

མདོ་སྲིབ་ས་ཡི་རྨད་ལྗོངས་ན། །

ཡུམ་ཆེན་སྦྲུམ་པའི་གེ་སར་ལས། །

གཞོན་ནུ་ཟླ་མེད་ཟེའུ་འབྲུ་ཞིག །

གདུལ་བྱའི་དོན་དུ་མངོན་པར་བཞད། །

འཁོར་བ་སྡུག་གི་བཙོན་ར་ལ། །

ངེས་འབྱུང་དྲག་པོ་ཉིད་སྐྱེས་ཏེ། །

ཁྱིམ་གཞིས་དོར་ནས་མྱུར་མོར་བྲོས། །

རྫོང་སར་བཤད་གྲྭའི་ཆོས་སྒོར་ཞུགས། །

ཕྱི་རུ་རབ་བྱུང་གོས་རྟགས་རྒྱན། །

ནང་དུ་སྡོམ་གསུམ་གཙང་མ་འཛིན། །

ཐུགས་ལ་བརྩོན་འགྲུས་གོ་ཁྲབ་གྱོན། །

ཤེས་རབ་རལ་གྲི་གཞུང་ལ་འཕྱར། །

ཉིན་མཚན་དབྱེར་མེད་ཐོས་རྩོད་ཀྱིས། །

དཀའ་བ་བརྒྱ་ཕྲག་དང་དུ་བླངས། །

གཞུང་བརྒྱ་མ་ལུས་ཁོང་ཆུད་པས། །

མཁན་པོའི་མཚན་གྱི་ཅོན་པན་བཞེས། །

ཚུལ་གསུམ་རིག་པའི་མདའ་མོ་ཡིས། །

ཕས་རྒོལ་དམ་བཅའ་ཐོ་ཡོར་འབིག །

མཁས་སྙན་ཆོས་དུང་སྒྲ་དབྱངས་ཤིག །

སུས་ཀྱང་མ་བུས་རང་གྲགས་གྱུར། །

ཀླ་ཀློག་གུང་ཁྲན་ཇག་དམག་གིས། །

ཆོས་སྡེ་དམག་གི་ཆག་ར་བཟུང་། །

སངས་རྒྱས་བསྟན་པ་ནུབ་ལ་སྐྱེལ། །

གངས་ཆུ་ཁྲག་ཏུ་བསྒྱུར་བའི་ཚེ། །

ཁྱོད་སྐུར་ལྕགས་སྒྲོག་བཅིང་ན་ཡང་། །

ཁྱོད་སེམས་སུ་ཡིས་བཅིང་དཀའ་བས། །

ཉམས་ལེན་རྟོགས་པའི་བསྟན་པ་ནི། །

ནམ་ཡང་མི་འདོར་གཅེས་པར་མཛད། །

ཤྰཀྱའི་རྒྱལ་པོའི་བསྟན་པ་འདི། །

དབུས་འགྱུར་ཞིང་ནས་མེ་རོ་ཞིག །

གསོ་བའི་བགོ་སྐལ་ཉེར་མཐོང་སྟེ། །

ཐུགས་ཀྱི་དགོངས་པ་ཕྱོགས་སུ་བསྟན། །

འཛམ་གླིང་ཡངས་པའི་རྩེ་མོ་ནས། །

རྐང་གཉིས་མི་ཡི་སེངྒེ་ཁྱོད། །

མི་རྟག་སྐུ་ལུས་བགྲེས་ན་ཡང་། །

འཁར་བའི་རོགས་ལ་བརྟེན་བཞིན་དུ། །

རྐང་ལམ་ཕྲ་མོ་རེ་རེ་ནས། །

ས་འཛིན་རྒོད་པོར་གོམ་ཁ་བསྒྱུར། །

རྡུལ་ཆུ་ནག་པོས་རི་མོ་སྟོན། །

ལྟོགས་སྐོམ་ངལ་བ་དང་དུ་བླངས། །

དཀའ་བའི་ལས་ལ་མིན་འཛིན་པ། །

ཚ་བའི་རོང་དུ་བྱོན་ན་ཡང་། །

ཀུན་གྱི་སེངྒེ་མི་ཤེས་པས། །

གྲོང་གི་གཅན་གཟན་གྲས་སུ་རྩིས། །

ཡོན་ཏན་གཡུ་ཡི་རལ་བ་དེ། །

མིག་མི་འཛུམ་གྱིས་ལེགས་མཐོང་བས། །

འདི་ནི་གདོང་ལྔའི་དབང་པོ་ཞེས། །

གཟེངས་བསྟོད་ཆེན་པོས་གོང་དུ་བཀུར། །

 སེང་གེ་དཔའ་ང་ཆེན་ན་ཡང་། །

ཕག་སྤྱང་ཁྱུ་ཡིས་བསྐོར་ན་དཀའ། །

མཁས་པ་ཇི་ལྟར་མཛེས་ན་ཡང་། །

བླུན་པོའི་ཁྲོད་དུ་མཛེས་པར་དཀའ། །

ཧི་མ་ལ་ཡི་རི་རྒྱུད་ན། །

དགོན་ཆུང་ཕག་ཕུག་ཙམ་ཞིག་ནང་། །

བཤད་སྒྲུབ་བསྟན་པའི་མེ་རོ་གསོས། །

དེ་ཚེ་དཀའ་བ་དཔག་མེད་སྤྱད། །

སྙུང་གཞི་ཇི་ལྟར་ལྩི་ན་ཡང་། །

ཆོས་འཆད་སྲོག་ལས་གཅེས་པར་མཛད། །

སུ་དང་གང་ལ་མི་གཅེས་པ། །

འཆད་རྩོད་རྩོམ་གསུམ་ཁོ་ན་གཅེས། །

རིང་ལུགས་ནགས་ཚལ་མཛེས་པའི་རྒྱན། །

དམར་ཡག་སྟག་ཁྱོད་སུ་ཡིས་འགྲན། །

རྩོད་དུས་སྣང་གཡེང་དུས་འདི་ལ། །

སྐྱེས་མཆོག་ཁྱོད་འདྲ་ཡོང་སྲིད་དམ། །

མགོན་པོ་དུས་ཀྱི་ཕོ་ཉ་ཡིས། །

མན་ངག་གླུ་དབྱངས་སྒྲོག་ཐེངས་རེས། །

གདུལ་བྱ་དཔྱིད་ཀྱི་གདུང་སེལ་ནས། །

རིག་པའི་དབྱར་གྱི་དགའ་སྟོན་སྦྱིན། །

ཤེས་བྱའི་རྩྭ་ཐང་ཡངས་པོ་རུ། །

ཆོས་ཉིད་ཕང་ཕུག་མེ་ཏོག་ལ། །

ལྟ་བའི་ཤེས་རབ་མིག་བྱིན་པའི། །

བཀའ་དྲིན་གསོས་པའི་དུས་སྲིད་དམ། །

བསླབ་གསུམ་ལུང་རྟོགས་ནང་ནས་སྐྱོང་། །

འཚོ་གོས་ཟས་གསུམ་ཕྱི་ནས་སྐྱོང་། །

ཕྱི་ནང་གཉིས་ལ་དྲིན་ཆེ་བའི། །

ཡབ་རྗེ་དཀའ་དྲིན་ཇི་ལྟར་གསོ། །

ཐང་ཆེན་གཡུ་ཡི་མཎྜལ་སྟེང་། །

སྤྲིན་དཀར་འདབ་མ་འཁྱིལ་འདྲ་བའི། །

མཐོང་བ་ཀུན་སྨོན་བཤད་གྲྭ་དེ། །

གང་གིས་བཏབ་པའི་ཆོས་སྡེ་ཡིན། །

རྒྱབ་རི་ཤེས་གྱི་མཆོད་རྟེན་ལ། །

ལྗོན་ཤིང་སྣ་ཚོགས་བརྒྱན་པ་ནི། །

གྲུབ་དབང་ཁྲོ་བོ་སྟག་འདྲ་བ། །

རྒྱུན་མེད་ཆད་པ་འབྱུང་བའི་རྟགས། །

མདུན་རི་གསེར་ཉ་འགྱེལ་འདྲ་བ། །

དགེ་འདུན་མཚོ་མོ་རྒྱས་པའི་དབུས། །

འཆད་རྩོད་རླབས་ཕྲེང་རྩེན་པའི་ཁྲོད། །

མཁས་པ་གསེར་ཉ་འབྱུང་བའི་རྟགས། །

ཐུགས་བསྐྱེད་རྒྱ་མཚོ་ཆེན་པོ་ཡིས། །

འཕྲིན་ལས་རླབས་ཆེན་འཕྱུར་པ་ལས། །

འཇིག་རྟེན་གྲུ་བོའི་གར་སྟེགས་ན། །

འདོད་འཇོའི་བུམ་བཟང་འདི་ཉིད་བརྡོལ། །

བཤད་སྒྲུབ་བསྟན་པའི་འགྱུར་ཁུགས་ནས། །

ཞུམ་མེད་ལྷག་བསམ་དཔུང་སྟོབས་ཀྱིས། །

བསྟན་པའི་བ་དན་དཀར་པོ་འདི། །

སྲིད་རྩེ་བར་དུ་བསྒྲེང་བར་མཛད། །

ངེས་པར་དོན་གྱི་བླ་ཆེན་ཞེས། །

མགྲིན་པས་གཟེངས་སུ་བསྟོད་པ་ན། །

ཁྱོད་མིན་སུ་ཞིག་སྨྲ་བ་ནུས། །

སྨྲས་ན་བླུན་པོས་རང་མཚང་བརྡོལ། །

སྐུ་ལུས་ཐེངས་མང་གཤགས་ཀྱང་རུང། །

སྐྱོ་ཞེན་ནམ་ཡང་མི་མངའ་བ། །

བསྟན་པའི་བྱ་བ་ཁོ་ན་སྤེལ། །

དགྲ་བཅོམ་ཆེན་པོ་ཁྱོད་མིན་སུ། །

མཁས་ཆེན་སྨྲ་བའི་སེངྒེ་ཁྱོད། །

འཇིག་རྟེན་འདི་ན་བཞུགས་པའི་ཚེ། །

བསྟན་པ་གངས་དཀར་རི་བོ་ལ། །

ལྟ་བའི་མིག་གི་རྒྱན་གཅིག་ཡིན། །

རྟག་འཛིན་ཅན་གྱི་གདུལ་བྱ་ལ། །

མི་རྟག་འགྱུར་བའི་ཚུལ་བསྟན་ནས། །

མགོན་ཁྱོད་ཞིང་གཞན་གཤེགས་གྱུར་པས། །

བསྟན་པའི་སྒྲོན་མེ་སུ་ཡིས་སྦར། །

སྐྱེས་མཆོག་ཁྱོད་ཀྱི་ཞལ་སྔ་ནས། །

ཐོས་རྩོད་བརྙེས་པའི་བགོ་སྐལ་ལ། །

བསམ་བཞིན་དད་པའི་སྤུ་ལོང་ངང་། །

སྐྱོ་བའི་མཆི་མ་སེམས་ལ་ལྷུང་། །

ཀྱེ་མ་མཁན་ཆེན་རྡོ་རྗེ་འཆང་། །

མགོན་ཁྱོད་ད་ལྟ་གང་དུ་བཞུགས། །

ཁྱེད་ཀྱི་སླབ་བྱའི་གསུང་སྙན་དང་། །

དགྱེས་པའི་མཛུམ་མདངས་མཇལ་ན་བསམ། །

སེམས་ཞུམ་ངལ་བ་འཕྲད་པའི་དུས། །

མགོན་ཁྱོད་སྙིང་སྟོབས་དྲན་ཐེངས་རེས། །

ངལ་བ་སངས་ནས་མདུན་ལམ་དུ། །

འདྲེན་པའི་དེད་དཔོན་གཅིག་པུ་ཡིན། །

ཇི་སྲིད་སངས་རྒྱས་མ་ཐོབ་བར། །

ཐུགས་བསྐྱེད་སྨོན་ལམ་མི་འདོར་བ། །

ཕ་བུ་འབྲེལ་མེད་ལྷན་གཅིག་ཏུ། །

དམ་ཆོས་བདུད་རྩིར་རོལ་བའི་ཕྱིར། །

སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག །

ཅེས་མཁན་ཆེན་རྡོ་རྗེ་འཆང་ཀུན་དགའ་དབང་ཕྱུག་མཆོག་གི་ཞབས་བརྡུ་ཅུང་ཟད་རེག་པའི་སྐལ་ལྡན་གྱི་ལས་འཕྲོ་ཅན་གངས་རི་ཀརྨ་སྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་བླ་མའི་ཡོན་ཏན་ཟུར་ཙམ་བླངས་པའི་རྟོགས་བརྗོད་སྦྲང་རྩིའི་ཐིག་པ་འདི་ནི་དབྱེན་ལེན་དུ་བྲིས་སོ། །དྲིན་ཆེན་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།