སྙན་བརྒྱུད་བཀའ་བབས་བཞིན་ལྡན་གྱི་བླ་བརྒྱུད་གསོལ་འདེབས། །
སངས་རྒྱས་ཀུན་འདུས་ལོངས་སྐུ་རྡོ་རྗེ་འཆང་། །
བསྟན་པའི་བདག་པོ་སྤྲུལ་སྐུ་ཤྰཀྱའི་རྒྱལ། །
སྐུ་གསུམ་གཅིག་འདུས་བླ་མར་གསོལ་བ་འདེབས། །
ཨེནྡྲ་བོ་དྷི་ཀླུ་ཡི་རྣལ་འབྱོར་མ། །
བི་སུ་ཀ་ལ་གྲུབ་ཆེན་ས་ར་ཧ། །
ཀླུ་སྒྲུབ་ཏེེ་ལོ་པཎ་ཆེན་ནྰ་རོ་པ། །
སྒྱུ་ལུས་བཀའ་བབས་རྣམས་ལ་གསོལ་བ་འདེབས། །
ཡེ་ཤེས་མཁའ་འགྲོ་གྲུབ་ཆེན་ཀུ་རི་པ། །
ནག་པོ་སྤྱོད་པ་གྲུབ་ཆེན་ཏེེ་ལོ་པ། །
སྙན་བརྒྱུད་མཛོད་འཛིན་པཎ་ཆེན་ནྰ་རོ་པ། །
རྨི་ལམ་བཀའ་བབས་རྣམས་ལ་གསོལ་བ་འདེབས། །
ཕྱག་ན་རྡོ་རྗེ་གྲུབ་ཆེན་ཌོམ་བྷི་པ། །
བྷི་ནྰ་བཛྲ་གྲུབ་ཆེན་ལ་ཝ་པ། །
གྲུབ་ཆེན་ཏེེ་ལོ་གསང་མཛོད་ནྰ་རོ་པ། །
འོད་གསལ་བཀའ་བབས་རྣམས་ལ་གསོལ་བ་འདེབས། །
ཕྱག་རྡོར་ཡན་ལག་མེད་པའི་བཛྲ་དཔལ། །
པདྨ་བཛྲ་མཁའ་འགྲོ་སྐལ་བ་བཟང་། །
གྲུབ་ཆེན་ཏེེ་ལོ་མཁས་གྲུབ་ནྰ་རོ་པ། །
གཏུམ་མོ་བཀའ་བབས་རྣམས་ལ་གསོལ་བ་འདེབས། །
སྙན་བརྒྱུད་བཀའ་བབས་བཞི་ལྡན་ལྷོ་བྲག་པ། །
ཚེ་གཅིག་སངས་རྒྱས་ཟླ་མེད་མི་ལ་རྗེ། །
ཐུབ་པས་ལུང་ཟིན་མཉམ་མེད་སྒམ་པོ་པ། །
བཀའ་བརྒྱུད་བླ་མ་གསུམ་ལ་གསོལ་བ་འདེབས། །
རྩ་རླུང་དབང་བསྒྱུར་རས་ཆུང་རྡོ་རྗེ་གྲགས། །
གདུལ་བྱ་འདྲེན་མཁས་བདེ་གཤེགས་ཕག་མོ་གྲུ། །
འགྲོ་འདུལ་ཆོས་རྗེ་སྨར་པ་རིན་པོ་ཆེ། །
ཆོས་ཀྱི་རྒྱལ་པོ་གསུམ་ལ་གསོལ་བ་འདེབས། །
དུས་གསུམ་ཀུན་མཁྱེན་འགྲོ་མགོན་རིན་ཆེན་དཔལ། །
ཤེས་བྱ་ཀུན་གཟིགས་རྒྱལ་བ་ཡང་དགོན་པ། །
རྟོགས་པ་མཐར་ཕྱིན་སྤྱན་སྔ་བྱང་ཆུབ་གྲགས། །
བཤད་སྒྲུབ་སྲོལ་འཛིན་གསུམ་ལ་གསོལ་བ་འདེབས། །
ཞེས་སྙན་བརྒྱུད་བཀའ་བབས་བཞི་ལྡན་གྱི་བརྒྱུད་འཛིན་གྲས་སུ་གྱུར་པའི་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་འདེབས་འདི་ནི་འགྲོ་མགོན་གངས་རི་ཀརྨའི་ཕྲེང་རབས་ཀྱི་གྲས་མཐར་ཆུད་པའི་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་དབྱིན་ལེན་དུ་བྲིས་སོ། །