སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱི་རྣམ་ཐར་གཅེས་བསྡུས།

                                             མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་ལ་ན་མོ།

མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་ནི་ཕྱི་ལོ་༡༢༧༨་དབྱར་ཟླ་༡་ཚེས་༣་ལ་སྨར་ཁམས་འབུམ་མཚོའི་ཉེ་འདམ་ལ་འབྱོར་ལྡན་ཚང་གི་ཁྱིམ་དུ་ཡབ་རྣལ་འབྱོར་དཔོན་དང་ཡུམ་བྱམས་བཟང་ལྷ་མོ་གཉིས་ལས་སྐུ་འཁྲུངས།   དགུང་ལོ་གསུམ་སོན་དུས་འགྲོ་མགོནརིན་ཆེན་གྱི་སྐྱེ་བ་ཡིན་པ་སྔོན་གནས་རྗེས་སུ་དྲན། ཡབ་ཀྱིས་རིན་ཆེན་རྒྱལ་མཚན་ཞེས་མཚན་གསོལ་ནས་ཡིག་འབྲུ་སློབ། དགུང་ལོ་བཅུ་གཅིག་སོན་དུས་སྨར་ཚང་གི་གདན་ས་ཙོམ་མདོ་དགོན་པའི་ཆོས་སྒོར་ཞུགས། 

ཤོ་དགོན་དུ་དབུ་རྩེ་བ་མཇལ་ཙམ་གྱིས་དད་པ་ཚད་མེད་སྐྱེས། དགུང་ལོ་བཅུ་གསུམ་སོན་དུས་དབུ་རྩེ་བ་དང་།  བྱང་ཆུབ་གླིང་པ་སོགས་ལས་རབ་ཏུ་བྱུང་།  མཚན་རིན་ཆེན་གླིང་པ་གསོལ།  རྗེ་འདིའི་མཚན་ལ་རིན་ཆེན་རྒྱལ་མཚན། རིན་ཆེན་གླིང་པ།  སྤྲུལ་སྐུ་རིན་ཆེན་རྒྱལ་མཚན། སངས་རྒྱས་རིན་ཆེན་གླིང་པ་ཞུ་སྲོལ་ཡོད།  མཁན་པོ་ལས་མདོ་གཞུང་ཐམས་ཅད་གསན་བསམ་མཛད། རྗེ་དབུ་རྩེ་བ་ལས་སྨར་ཚང་ཕྱག་ཆེན་སོགས་གསང་ཆོས་ཐམས་ཅད་ཐོས་བསམ་སྒོམ་གསུམ་མཛད།  ཤེས་རབ་དཔལ་བཟང་དང་དབུ་རྩེ་བ། ནམ་མཁའ་རྒྱལ་མཚན་སོགས་ལས་བསྙེན་པར་རྫོགས།  སྨར་ཚང་ཕྱག་ཆེན་སྒོམ་སྒྲུབ་མཛད་པས་ལྟ་བ་ཟབ་མོ་ཐུགས་ལ་འཁྲུངས། ཡི་དམ་ལྷས་ཞལ་གཟིགས། རྗེ་དབུ་རྩེ་བས་བཀའ་ལུང་ལྟར་ཤོ་དགོན་གྱི་རྒྱལ་ཚབ་མངའ་གསོལ།  རྗེ་དབུ་རྩེ་བ་འདས་མཆོད་གསེར་གདུང་མཆོད་རྟེན། ཐུབ་དབང་གསེར་སྐུ། གསེར་གྱི་རྣམ་སྣང་གྲུ་གང་། གསེར་ཐང་སྟོང་ཕྲག་བཅས་བཞེངས།  དགེ་འདུན་གཉིས་སྟོང་ལྔ་བརྒྱ་ལྷག་སྒོམ་ཁྲིད་མཛད་པས་ཕྱག་ཆེན་ལྟ་བ་རྟོགས་པ་མང་དུས་ལྔ་བརྒྱ་དང་ཉུང་དུས་གསུམ་བརྒྱ་ཙམ་བྱུང་། ཙོམ་མདོ་གནས་གསར་གྱི་རྒྱལ་ཚབ་མངའ་གསོལ།   ས་སྐྱའི་དཔོན་ཆེན་གྲགས་པ་རྒྱལ་མཚན་དང་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་བཀའ་ཤོག་གནང་།ཐང་སྐྱ་དགོན། སྟག་ར་དགོན། ཁུག་ཆུང་དགོན། གོ་བོ་དགོན་བཅས་ལ་བཞུགས་དུས་རྟོགས་པ་ཕུལ་མཁན་ཉིས་བརྒྱ་ཙམ་བྱུང་།  སྒོམ་ཆེན་རྣམས་ཀྱིས་ལུས་གཅེར་བུ་འཁྱགས་རོམ་སྟེང་བསྡད་པ། ནམ་མཁའ་ལ་འཕུར་བ་སོགས་རྟོགས་རྒྱུག་ཕུལ།དགོན་རྣམས་ལ་དངུལ་རྡོ་ཚད་བྲེ་ཉེར་ལྔ་རེས་ལྷ་སྐུ་བཞེངས།  ལོ་སྨད་ལ་རོམ་དགོན། ཀོལ་ཕྲོམ་དགོན། འདོར་བཟང་དགོན། དཔལ་འཛོམ་དགོན། ཚེ་དུ་མཛོ་དགོན། རྦ་མདོ་དགོན། བཅུ་འགོ་དགོན། དོལ་ཀར་དགོན། རོལ་ཐོ་དགོན། རྒྱལ་དགོན་རྣམས་ཆོས་ཀྱི་བདུད་རྩི་སྦྱིན། དགུང་ལོ་བདུན་ཅུ་དོན་དྲུག་ཤིང་རྟ་ལོ་དགུན་ཟླ་བའི་ཚེ་༨་སྔ་དྲོར་བདེ་བར་གཤེགས།   རྗེ་འདིས་དགོན་བདུན་ཕྱག་བཏབ།  སྲས་ཀྱི་ཐུ་བོ་སྤང་མཁན་ཆེན་དྲི་མེད་འོད་ཟེར། བསོད་ནམས་རྒྱལ་མཚན། ཀུན་དགའ་རྒྱལ་མཚན།  དགྲ་འདུལ་འོད་ཟེར། དོན་གྲུབ་འོད་ཟེར། ཉི་མ་འོད་ཟེར། དོན་གྲུབ་རྒྱལ་མཚན། རིན་ཆེན་དཔལ་བཟང་སོགས་བྱོན། གསུང་འབུམ་སྨར་ཚང་ཕྱག་ཆེན་ཉམས་ཁྲིད། རྟོགས་མགུར། སྙན་འགྲེལ། སྙན་ངག་མེ་ལོང་མའི་དཔེ་རྒྱན་སོགས་ཡོད།   རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་མཛད་པར་ཞུ། །
 

 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།