ཚ་བ་སྤང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར།

                                     སྨར་ཚང་བསྟན་པའི་ཉིན་བྱེད་སྤང་མཁན་ཆེན་འོད་ཟེར་བླ་མ་ལ་ན་མོ།



སྨར་ཚང་བཀའ་བརྒྱུད་ཀྱི་སྤང་མཁན་ཆེན་འོད་ཟེར་བླ་མ་ནི་ཕྱི་ལོ་༡༢༩༥་ཤིང་ལུག་ལོ་ཚ་བ་ཁབ་སོ་རུ་སྤང་ཚང་ལས་ཡབ་མཁའ་འགྲོ་འབུམ་དང་ཡུམ་སོག་ཟ་བཀྲ་ཤིས་རྣམ་གཉིས་ལས་སྐུ་འཁྲུངས།  སྤང་ཚང་ལ་སྨར་ཚང་བཀའ་བརྒྱུད་ཀྱི་མཁན་པོ་སྤང་དགེ་བའི་གཙུག་ཏོག་དང་སྤང་སངས་རྒྱས་མཁན་ཆེན་སོགས་མང་དུ་བྱོན།

དགུང་ལོ་ལྔ་ལ་ཡུམ་འདས་ཤིང་དགུང་ལོ་བདུན་ལ་ཡབ་འདས། དགུང་ལོ་བཅོ་ལྔ་སོན་དུས་རྗེ་རིན་ཆེན་རྒྱལ་མཚན་གྱིས་བཀའ་ལྟར་སྨར་ཚང་གི་གདན་ས་ཤོ་དགོན་དུ་ཕེབས།  རིན་ཆེན་རྒྱལ་མཚན་དང་མཁར་དྲི་མེད་རྡོ་རྗེ་སོགས་ལས་དགེ་འདུན་གྱི་དབུས་སུ་སྡོམ་པ་བཞེས། སློབ་དཔོན་རྩེའུ་སྟོན་པ་ལས་དབུ་ཕར་འདུན་མཛོད་སོགས་མདོ་གཞུང་རྣམས་གསན། སློབ་དཔོན་དྲུང་ནས་བདེ་དགྱེས་གསང་གསུམ་སོགས་གསང་སྔགས་ཀྱི་ཆོས་ཚུལ་ཐམས་ཅད་གསན་བསམ་སྒོམ་གསུམ་མཛད། རིན་ཆེན་རྒྱལ་མཚན་ལས་སྨར་ཚང་ཕྱག་ཆེན་དང་ནྰ་རོ་ཆོས་དྲུག  རྫོགས་ཆེན་གྱི་རིག་ལྔ་སོགས་སྒོམ་སྒྲུབ་ཉམས་ལེན་མཛད་པས་ཉམས་རྟོགས་ཟབ་མོ་འཁྲུངས།  དགུང་གྲངས་ཉེར་གསུམ་སོན་དུས་རིན་ཆེན་རྒྱལ་མཚན་དང་མཁར་དྲི་མེད་རྡོ་རྗེ་སོགས་ལས་བསྙེན་པར་རྫོགས།  ལྷ་བ་རི་ལ་དགེ་འདུན་ཁྲི་འདུས་ནས་མ་ཎི་རིལ་བུ་སྒྲུབ་པའི་དུས་སུ་བུམ་པ་ལ་འཇའ་འོད་འཕྲོས་པར་མཛད། རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས་ནས་འབྲས་ཁལ་སྟོང་གིས་མ་ཎི་རིལ་བུ་བསྒྲུབས་པ་དང་།  དགུང་ལོ་སོ་གཅིག་ལ་ཆུའི་བཅུད་ལེན་བཞེས་ནས་ལོ་དགུ་ཧྲིལ་པོ་སྒོམ་སྒྲུབ་མཛད་པས་སྒོམ་བྱུང་གི་ཤེས་རབ་རྒྱས་ནས་གཞན་སེམས་ཤེས་པའི་མངོན་ཤེས་སྐྱེས། འཇང་ས་ཐང་རྒྱལ་པོ་སོགས་ཀྱིས་འབུལ་བ་ཕུལ།  བཀའ་འགྱུར་ཚར་བརྒྱ་བྲིས་ནས་དགོན་ལག་རྣམས་ལ་ཕུལ།  སངས་རྒྱས་མི་ཚད་མ་བརྒྱ་དང་བརྒྱད་བཞེངས་ནས་དགོན་ལག་རྣམས་ལ་ཕུལ། དགེ་འདུན་སྟོང་གཉིས་གསུམ་འདུས་པ་རྣམས་ཀྱི་དབང་པོ་རབ་འབྲིང་དང་བསྟུན་ནས་གདམས་ངག་གནང་བས་ཞལ་མཐོང་བ་དང་གསུང་ཐོས་པ་ཙམ་གྱིས་རྟོགས་པ་སྐྱེས་མཁན་མང་དུ་བྱུང་། ཚ་བ་སྒང་། མི་ཉག་ར་རྔ་སྒང་། རྒྱ་ནག་རི་བོ་རྩེ་ལྔ། འཇང་ས་ཐང་།  དབུས་ལྷ་ས།  སྟོད་མངའ་རིས་སོགས་དད་ལྡན་འབུམ་ཕྲག་མང་པོ་ཐར་པའི་ས་ལ་འདྲེན། དགུང་ལོ་བརྒྱད་ཅུ་བྱ་གཉིས་མེ་ཕོ་འབྲུག་ཕྱི་ལོ་༡༣༧༦་ལོར་འབྲུག་ཟླ་བའི་ཚེས་༤་ལ་བདེ་བར་གཤེགས། སྤང་མཁན་ཆེན་འོད་ཟེར་བླ་མའི་སྐྱེས་སྤྲུལ་དཔལ་སྤུངས་སི་ཏུ་དང་ཀཿ་ཐོག་སི་ཏུ་ཡིན། སློབ་མ་འགྲོ་མགོ་དཀོནམཆོག་རྒྱལ་མཚན།  ནམ་མཁའ་སེངྒེ། འཇམ་དབྱངས་རྒྱལ་མཚན། ཡོན་ཏན་འོད་ཟེར་། ཤེས་རབ་འོད་ཟེར། རྡོ་རྗེ་རྒྱལ་མཚན། གྲགས་པ་དཔལ། ནམ་མཁའ་དཔལ། ཤེས་རབ་བཟང་པོ། སངས་རྒྱས་སེངྒེ། འགྲོ་མགོན་པ། ཡེ་ཤེས་དཔལ་སོགས་མང་དུ་བྱོན། །
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་ཞུ། །
 



༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།