རིས་མེད་བསྟན་རྒྱས་སྨིན་ལམ།

ས་གསུམ་འདི་ན་མཚུངས་པ་ཀུན་བྲལ་མཆོག །
ཁམས་གསུམ་མུན་སེལ་འོད་སྟོང་ཟླ་མེད་པ། །


སྐྱབས་གསུམ་ཀུན་འདུས་ཟས་གཙང་སྲས་པོ་ཡི། །
ཐེག་གསུམ་བསྟན་པ་ཕྱོགས་མཐའ་རྒྱས་གྱུར་ཅིག །

བྷོ་ཊའི་སྨག་རུམ་སྟུག་པོ་གཞོམ་སླད་དུ། །
ཐུབ་བསྟན་སྐྱ་རེངས་སྣང་བ་ཕྱོགས་བརྒྱར་བཀྱེས། །
འགྲོ་ཀུན་འདྲེན་པའི་དེད་དཔོན་མཆོག་གྱུར་པའི། །
སྔ་འགྱུར་ཟབ་གསང་ཕྱོགས་ལས་རྒྱལ་གྱུར་ཅིག །

མདོ་རྒྱུད་ཟུང་འདྲེས་ཤྰཀྱའི་བསྟན་པ་འདི། །
གངས་རིའི་ཁྲོད་དུ་ཉི་འོད་རབ་འཕྲོས་ནས། །
དྲི་མེད་ལྟ་གྲུབ་འགྲོ་ཁམས་མུན་བསལ་བའི། །
ས་སྐྱའི་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །

བཀའ་ཕྱག་ཆུ་བོ་གཅིག་འདྲིས་སྲོལ་བཟང་དང་། །
གསང་ཆེན་སྒྲུབ་བརྒྱུད་བྱིན་རླབས་མི་ཉམས་པ། །
བཤད་སྒྲུབ་ཉི་འོད་ཁམས་གསུམ་ཀུན་ཁྱབ་ནས། །
བཀའ་བརྒྱུད་རིང་ལུགས་རྟག་ཏུ་རྒྱས་གྱུར་ཅིག །

དཔྱད་གསུམ་དག་པའི་དྲི་མེད་བསྟན་པ་ལ། །
འཆད་རྩོད་རྩོམ་གསུམ་འགྲན་པའི་ཟླ་བྲལ་བ། །
བཀའ་གདམས་གསར་མ་དགེ་ལྡན་བཤད་པའི་སྲོལ།
རབ་འབྱམས་ཁྱོན་ཀུན་ཡོངས་སུ་ཁྱབ་གྱུར་ཅིག །

དྲིན་ཆེན་རྩ་བའི་བླ་མའི་བྱིན་རླབས་དང་། །
རླབས་ཆེན་སྨོན་ལམ་མ་ལ་ཡ་རླུང་གིས། །
རྒྱ་ཆེན་བདེ་བར་གཤེགས་པའི་བསྟན་པ་འདི། །
ས་ཆེན་འཇིག་རྟེན་ཁམས་ཀུན་ཁྱབ་གྱུར་ཅིག །

མདོར་ན་དམ་ཆོས་རིན་ཆེན་གངས་རིའི་ངོས་། །
ལན་གཅིག་མ་ཡིན་བལྟ་བའི་སྐལ་བཟང་རྟེན། །
ཇི་སྲིད་སངས་རྒྱས་ངོ་བོར་མ་གྱུར་བར། །
དེ་སྲིད་དེ་ཉིད་རེག་པའི་བཀྲ་ཤིས་ཤོག །
ཅེས་བསྟན་རྒྱས་སྨོན་ལམ་འདི་སྲིང་མོ་འཛོམ་དབྱངས་ལྷ་མོས་བསྐུལ་ངོར་གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༡༩༩༥་ཟླ་བ་༡༠་ཚེས་༢༥་ལ་ཙང་རོང་རི་ཁྲོད་དུ་བྲིས་པ་རྣམས་ཅུང་བཅོས་ཡོད།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།