ཆོས་རྒྱལ་འཕགས་པས་སྨར་ཁམས་ཙོམ་མདོ་གནས་གསར་དགོན་ནས་ཧོར་གོ་པེ་ལ་རྒྱལ་པོ་ལ་བསྐུར་བའི་འཕྲིན་ཡིག་རྙིང་མའི་འདྲ་བཤུས།
འཛམ་གླིང་ན་ཆེས་སྙན་གྲགས་ཆེ་བའི་དབྱེན་ལེན་དཔེ་མཛོད་དུ་ཡུལ་གྲུ་ཁག་གི་སྤྱིར་ནོར་ཕལ་ཆེར་ཡོད་པའི་སྙན་གྲགས་ཐོས་པ་དང་དཔེ་མཛོད་དེར་ཡིག་རྙིང་ཉུལ་གཞིགས་བྱ་འདུན་གྱི་རྨི་ལམ་རྨིས་ནས་ལོ་ཉི་ཤུ་ལྷག་སོང་། ཕྱི་ལོ་༢༠༠༦་ལོར་ཐེ་ཝན་ནས་ཆེད་དུ་ཐེངས་གཅིག་སླེབས་ཀྱང་ངོ་ཤེས་འབྲེལ་འདྲེས་མེད་པ་དང་སྐད་བརྡ་མི་གོ་བ་སོགས་ངལ་བར་འཕྲད་ནས་ཕྱི་ལོག་བྱས་ཏེ། སླར་ཕྱི་ལོ་༢༠༠༨་ལོར་དཔེ་མཛོད་འདིར་དམིགས་ནས་དབྱེན་ལེན་དུ་སླེབས་ཀྱང་ལོ་གཉིས་དང་ཕྱེད་ཀའི་རིང་དཔེ་མཛོད་ཀྱི་གལ་ཆེ་ཞིག་དང་ངོ་ཤེས་མ་ཐུབ་པར་ངལ་བ་མང་ཙམ་བྱུང་ཡང་། ད་ཆ་དཀོན་མཆོག་གི་བཀའ་དྲིན་གྱིས་དཔེ་མཛོད་ཀྱི་མི་སྣ་གལ་ཆེ་ཞིག་དང་འཕྲད་ནས་བོད་ཡིག་སྡེ་ཚན་ནང་དུ་ཉམས་གཞིགས་ཀྱི་གོ་སྐབས་རྙེད་དུས་ཆོས་རྒྱལ་འཕགས་པས་སྨར་ཁམས་ཙོམ་མདོ་གནས་གསར་དགོན་དུ་བཞུགས་རིང་ཧོར་གོ་པེ་ལ་རྒྱལ་པོ་ལ་བསྐུར་བའི་འཕྲིན་ཡིག་གཉིས་འདུག་པར་ཕབ་བཤུས་བྱས་ནས་རྡ་སར་དཔེ་མཛོད་ཁང་དུ་ཡོད་པའི་བྲིས་མའི་པར་བཤུས་དང་བསྟུན་ནས་བལྟས་དུས་ཚིག་རྐང་གཉིས་མ་གཏོགས་གཞན་རྣམས་པར་བཤུས་ལྟར་འདུག་པས་དྲ་ཐོག་ཏུ་བཀོད་འདོད་བྱུང་། ཕམ་པ་ཞིག་ལ་མང་ཆེ་བར་བལྟ་ཀློག་བྱེད་པ་ཙམ་ལས་ཕབ་བཤུ་བྱེད་མི་ཆོག་པ་དེ་རེད། ཆོས་རྗེ་སྨར་པ། ས་སྐྱ་པཎ་ཆེན། ཆོས་རྒྱལ་འཕགས་པ་སོགས་ཀྱི་རྩོམ་ཡིག་ལ་བལྟས་དུས་རྩོམ་པ་པོ་རྣམས་ཀྱིས་བརྗོད་གཞི་གཅིག་གི་བརྗོད་བྱ་ཚིག་རྐང་བཞིའི་ནང་དུ་བསྡུས་པ་དང་། ཚིག་རྐང་གསུམ་དང་ལྔ་དང་དྲུག་ལ་བསྡུས་ནས་བཅད་མཚམས་འཇོག་པ་སོགས་མི་གཅིག་པ་མང་པོ་ཞིག་སྣང་ཡང་། དེ་དག་ནི་རྒྱ་གར་གྱི་པཎ་གྲུབ་ཚོའི་རྩོམ་གཞུང་གི་འགྲོས་དང་ཆེས་འདྲ་པོ་ཡོད་དེ། དཔེ་ན། ཡབ་རྗེ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་ལྔ་དང་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ། ཟླ་བའི་དབུ་མ་འཇུག་པ། ཞི་བ་ལྷའི་སྤྱོད་འཇུག་སོགས་དང་། གྲུབ་ཆེན་ས་ར་ཧ་པའི་དོ་ཧ་མཛོད། ཏེེ་ལོ་པའི་ཉམས་མགུར། པཎ་ཆེན་ནྰ་རོ་པའི་ལུས་མེད་མཁའ་འགྲོ་དགུའི་ཉམས་མགུར་གྱི་རྩོམ་འགྲོས་དང་འདྲ་བ་ཡོད། ད་ལྟའི་ཚིག་འགྲོས་གཙོ་བོ་བྱས་མཁན་ཚོས་སྔར་རབས་པ་རྣམས་ཀྱིས་རྩོམ་བྲིས་ཤེས་མི་འདུག་ཟེར་སྲིད་ཀྱང་ཁོང་རྣམས་ཀྱིས་བརྗོད་བྱ་གཙོ་བོར་རྩིས་པ་ལས་ཚིག་གི་བཅད་མཚམས་གཙོ་བོ་རྩིས་མེད། ཡ་མཚན་པ་ཞིག་ལ་༧རྒྱལ་མཆོག་བཅུ་གསུམ་པ་དང་༧པཎ་ཆེན་སྐུ་ཕྲེང་དགུ་པ་རྣམ་གཉིས་ཀྱིས་རྒྱ་ནག་གོང་མ་ལ་བསྐུར་བའི་འཕྲིན་ཡིག་གི་མཇུག་ཏུ་ཕྱག་དམ་དམར་པོ་གནན་པའི་མ་དཔེ་རང་དཔེ་མཛོད་ནང་དུ་འདུག རྒྱ་ནག་གོང་མའི་ཕོ་བྲང་ནང་ནས་རྙེད་པ་ཡིན་ནམ། བླ་ཆེན་ཚོས་འཕྲིན་ཡིག་བསྐུར་དུས་འདྲ་བཤུས་རེ་བཞག་སྲོལ་ཡོད་ནས་བླ་བྲང་ཁག་ལས་རྙེད་པ་ཡིན་ནམ་སྙམ་པ་བྱུང་། མེས་པོ་བླ་ཆེན་རྣམས་ཀྱིས་ཧོར་དང་རྒྱ་ནག་གི་རྒྱལ་པོ་ཚོ་ལ་གུས་བཀུར་དང་བསྟོད་བསྔགས་བྱས་པའི་ཚིག་དོན་རྣམས་མཐོང་དུས་ཡིད་སྐྱོ་ལྷང་ངེ་སྐྱེས་པ་ལས་དགའ་འོས་པ་གཅིག་ཀྱང་མེད་ནའང་རྙེད་དཀའ་བའི་ལོ་རྒྱུས་ཀྱི་དཔང་རྟགས་མང་པོ་ཞིག་རྙེད་པ་འདུག་ལ། ངས་མཇལ་མྱོང་མེད་པའི་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་རབ་རེ་མཇལ་དུས་ང་རང་སྐྱེ་མཆོག་དམ་པ་འདི་ལྟ་བུ་བྱོན་པའི་ཞིང་ས་ཞིག་ཏུ་སྐྱེ་བ་བླངས་འདུག་སྙམ་པའི་སྤྲོ་སྣང་དང་དགའ་བ་འཕར་མ་རེ་སྐྱེས། བཤམ་དུ་ཆོས་རྒྱལ་འཕགས་པས་ཧོར་གོ་པེ་ལ་རྒྱལ་པོ་ལ་བསྐུར་བའི་འཕྲིན་ཡིག་ཁག་གཉིས་ཀྱི་མཇུག་ཏུ་འཕགས་པ་སྨར་ཁམས་ལ་ཕེབས་ནས་ཙོམ་མདོ་གནས་གསར་དགོན་དུ་ཡུན་རིང་བཞུགས་པའི་མངོན་རགས་གསལ་པོ་ཞིག་སྤྲོད་ཐུབ་ལ། དེང་སང་ལོ་རྒྱུས་ལ་ཧམ་འཆོང་བྱས་མཁན་རྩོམ་བྲིས་རློམ་པ་ཅན་རེ་གཉིས་ཀྱིས་སྨར་ཁམས་ཀྱི་ས་ཆ་འདི་རྒྱལ་རབས་ལོ་རྒྱུས་ཐོག་ཏུ་སྨར་ཁམས་སྒང་ཞེས་མིང་ཐོག་སའི་སྨར་ཁམས་དེ་མིན་ཚུལ་དང་། སྨར་ཁམས་ཀྱི་མིང་ཚིག་ཀྱང་རྨར་ཁམས། རྨ་ཁམས། སྨ་ཁམས། དམར་ཁམས་ཟེར་བ་སོགས་ཡིག་ནོར་བྲིས་ཚད་མཁོ་བསྒྲུབས་བྱས་ནས་སྨར་ཁམས་ཀྱི་མིང་ཚིག་ལ་ངེས་པར་མེད་ཚུལ་དང་། ས་མགོ་ཅན་གྱི་སྨར་ཁམས་འདི་ཆབ་མདོ་ཕྱོགས་སུ་ཡིན་ཚུལ་འགྲེལ་མཁན་རྣམས་ལ། ས་སྐྱ་པཎ་ཆེན་གྱིས་འགྲོ་མགོན་རིན་ཆེན་ལ་ཕུལ་བའི་འཕྲིན་ཡིག་དང་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་ལ་ཕུལ་བའི་འཕྲིན་ཡིག་དང་ཆོས་རྒྱལ་འཕགས་པས་སྨར་ཁམས་ཙོམ་མདོ་གནས་གསར་དགོན་ནས་ཧོར་གོ་པེ་ལ་རྒྱལ་པོ་ལ་བསྐུར་བའི་འཕྲིན་ཡིག་ཁག་ལ་དཔྱད་ན་སྨར་ཁམས་ཡུལ་གྱི་ཁྱད་ཆོས་དང་མིང་སོགས་ལ་རྨོངས་པའི་དྲ་ལ་ལས་གྲོལ་ཐུབ་ངེས་མཐོང་ནས་བཀོད་པ་ཞིག་ཡིན།
གོ་པེ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་བཞུགས་སོ། །
གསུང་རབ་རིན་པོ་ཆེ་རྣམ་པར་བཀོད་པའི་མཚོན་བྱེད་ཅེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
བླ་མ་དམ་པ་རྣམས་ཀྱི་རང་བཞིན་ནི། །
བླ་མེད་སངས་རྒྱས་ཐམས་ཅད་གཅིག་བསྡུས་སླད། །
བླ་ན་མེད་པའི་དཔལ་འབྲས་ཀུན་སྩོལ་བའི། །
བླ་མེད་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །
ལྷར་བཅས་འཇིག་རྟེན་སྣང་མཛད་སྒྲོན་མེ་མཆོག །
ལྷ་བརྒྱའི་གཙུག་གི་ནོར་བུས་ཞབས་མཆོད་ཅིང་། །
ལྷ་མིན་སྡེ་དང་བཅས་པ་ཟིལ་གནོན་པ། །
ལྷ་ཡི་ལྷར་གྱུར་ལྷ་མཆོག་སངས་རྒྱས་རྒྱལ། །
ཆོས་གང་ཐོག་མ་བར་དང་མཐར་དགེ་བས། །
ཆོས་མིན་རྡུལ་དང་མུན་པ་རྣམ་བསལ་ནས། །
ཆོས་ཀྱི་སྣང་བས་ཞི་བའི་དཔལ་བསྐྱེད་པ། །
ཆོས་བཟང་ངེས་འབྱིན་ལམ་ལ་ཕྱག་འཚལ་ལོ། །
དགེ་བ་སྤྱད་པའི་རྒྱུ་ལས་ལེགས་བསྐྲུན་ཞིང་། །
དགེ་ལེགས་ལམ་ལ་གཅིག་ཏུ་གཞོལ་གྱུར་པ། །
དགེ་འདུན་རྒྱ་མཚོ་རྒྱ་མཚོའི་སྤྲིན་ཚོགས་ལ། །
དགེ་བ་སྤེལ་སླད་ཕྱག་འཚལ་མཆོད་པར་བགྱི། །
སྐྱེ་འགག་དུ་མ་སྣང་བའི་ཆོས་རྣམས་ཀུན། །
སྐྱེ་འགགས་མེད་པའི་དབྱིངས་སུ་ལེགས་བསྟན་པས། །
སྐྱེ་སོགས་སྲིད་ཞིའི་མཐའ་ལས་རྣམ་གྲོལ་བ། །
སྐྱེ་མེད་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །
འདི་ལྟར་བསྐལ་པའི་མཆོག་གྱུར་བསྐལ་བཟངས་ཀྱི། །
སྐྱེ་དགུའི་ཚེ་ལོ་བརྒྱ་པའི་དུས་བབས་ཚེ། །
ཤྰཀྱའི་རྒྱལ་པོ་ཆོས་ཀྱི་རྒྱལ་པོར་བྱོན། །
གསུང་རབ་རིན་ཆེན་འགྲོ་ལ་རབ་གསལ་གྱུར། །
དེས་བསྟན་བསྟན་པ་ལྔའི་བརྒྱ་བདུན་པ་ལ། །
འཛམ་བུས་མཚོན་པ་འཛམ་གླིང་བྱང་ཕྱོགས་སུ། །
ཇིང་གིར་གན་ཞེས་རབ་གྲགས་གྲགས་ཆེན་དེས། །
ཧོར་གྱི་རིགས་བྱུང་རིགས་གཞན་ཟིལ་གནོན་པ། ། ཚིག་རྐང་འདི་དཔེ་མཛོད་ཀྱི་ཡིག་རྙིང་ནང་དུ་མེད།
རང་གི་དབང་གིས་ཡུལ་ཀུན་དབང་དུ་བྱས། །
དེ་རྗེས་རྒྱལ་རབས་ལྔ་པའི་རྒྱལ་པོ་མཆོག །
གོ་པེ་ལ་ཞེས་འགྲོ་ལ་རབ་གྲགས་པས། །
རྒྱལ་ཐབས་མཛད་པས་རྒྱལ་སྲིད་སྔ་མ་བས། །
ཆེས་ཆེར་འཕེལ་ཞིང་ཆོས་བཞིན་རྣམ་པར་བསྐྱངས། །
འགྲོ་བ་དཔལ་འབྱོར་གཉིས་ཀྱིས་འབྱོར་པར་འགྱུར། །
ས་བདག་དེ་ནི་བསྟན་ལ་རབ་གུས་ཤིང་། །
ཁྱད་པར་བོད་ཁམས་དག་ལ་ཐུགས་བརྩེ་བས། །
གངས་ཅན་སྐྱོང་བའི་བཀོད་པ་རྒྱ་ཆེར་མཛད། །
བྱེ་བྲག་མདོ་ཁམས་ཟལ་མོ་སྒང་ཞེས་པ། །
ཤར་ནུབ་ལྷོ་བྱང་སྡེ་དང་ཡན་ལག་བཅས། །
ཀུན་ལ་ཕན་ཕྱིར་ཀུན་གྱི་གཙོ་བོར་ནི། །
སྟོན་ཚུལ་ཞེས་བྱ་བ་ལ་དབང་རབ་བསྐུར། །
དེ་ཡི་གྲོགས་དང་ཡུལ་ཁམས་བསྲུང་བའི་ཕྱིར། །
ཡུ་གུར་རིགས་བྱུང་གར་ར་གོ་ཇོ་ཡི། །
མཁར་དུ་སྐྱེས་པ་གན་མི་དུ་ཞེས་བྱ། །
དེ་ཡི་བུ་ནི་དུ་གལ་ག་ཡ་སྟེ། །
དེ་ཡི་ཁྱིམ་ཟླ་དུར་མིས་དེ་རིམ་མོ། །
དེ་དག་གི་བུ་ཡུག་རུན་ག་ཡ་སྟེ། །
དེ་ཡི་ནུ་བོ་ཟེའུ་ག་ཡ་ཡིན། །
ཐ་ཆུང་ཨེ་སེ་ན་ཞེས་བྱ་བ་འདི། །
ལུང་དང་བཀའ་རྟགས་ཕྱག་རྒྱ་དང་བཅས་པ། །ཚིག་རྐང་འདི་དཔེ་མཛོད་ཀྱི་ཡིག་རྙིང་ནང་དུ་མེད།
ཉེ་བར་བསྐོས་ཤིང་བསྐོས་པའི་བྱ་བ་བསྒྲུབས། །
འདི་ཡི་བླ་མ་སྲིད་གསུམ་གསལ་མཛད་པ། །
ཁམས་གསུམ་རྣམ་འདྲེན་ལམ་གསུམ་སྟོན་པ་པོ། །
ས་སྐྱ་པཎྜི་ཏ་ཞེས་གྲགས་པ་ཡིན། །
དེ་ཡི་དྲིན་གྱིས་བསྟན་ལ་རབ་ཞུགས་ནས། །
བསྟན་པས་བསྒྲུབ་བྱ་སངས་རྒྱས་ཐོབ་ཕྱིར་དང་། །
རྒྱལ་པོ་ཡང་སྲས་བཙུན་མོར་བཅས་པ་རྣམས། །
སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན་ཕྱིར་དང་། །
ཕ་མ་སོགས་ཀྱི་དྲིན་ལན་བསགས་ཕྱིོར་དང་། །
རྒྱལ་ཁམས་ཆོས་ཀྱིས་ཤིས་པར་བྱ་བའི་ཕྱིར། །
དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་པ། །
ཤེས་རབ་ཕ་རོལ་ཕྱིན་མ་རྒྱས་འབྲིང་གསུམ། །
ཤིང་ཕོ་ཁྱི་ལོའི་སྟོན་ཟླ་རྣམ་གསུམ་ལ། །
སྨར་ཁམས་ཙོམ་མདོ་གནས་སར་ཞེས་བྱ་བར། །
བཟོ་སྦྱངས་མཁས་པའི་ཚོགས་རྣམས་སྤྱན་དྲངས་ཏེ། །
བེེ་ཌྰརྱ་དང་མཚུངས་པའི་གཞི་རྟེན་ལ། །
གསེར་བཟང་ཞུན་མས་ལེགས་པར་བཞེངས་ནས་ཀྱང་། །
ཞུས་དག་དྲས་དང་གླེགས་ཤིང་གླེགས་ཐག་དང་། །
ན་བཟའི་བར་གྱིས་རིམ་གྲོ་ཚར་བགྱིས་ཤིང་། །
དྲི་མེད་ལུང་གི་ཚུལ་ལས་འབྱུང་བ་བཞིན། །
རབ་ཏུ་གནས་པ་ཡོངས་སུ་རྫོགས་བགྱིས་ཏེ། །
ཁ་ན་མ་ཐོ་མེད་ཅིང་དགེ་བ་ཡི། །
ཡོད་བྱད་ཚོགས་ཀྱིས་བསྙེན་བཀུར་འཐུལ་བ་བགྱིས། །
སླད་ནས་དགེ་བ་སྤེལ་ཞིང་རྒྱུན་བསྲིང་ཕྱིར། །
ཆོས་འདི་ལེགས་པར་གསན་ཞིང་ཐུགས་ཆུད་པས། །
བསོད་ནམས་ཞིང་གི་མཆོད་པ་ཕུལ་ནས་ཀྱང་། །
ཀློག་དང་ཁ་ཏོན་མཆོད་པ་རྒྱས་བགྱིད་པའི། །
བཀོད་པ་བགྱིས་པའི་དགེ་བ་རྒྱ་ཆེན་དང་། །
གཞན་ཡང་ཕྱོགས་བཅུའི་དུས་གསུམ་དགེ་བ་ཀུན། །
ལྷག་བསམ་དག་པས་གཅིག་ཏུ་བསྡོམས་བགྱིས་ནས། །
བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །
རྫོགས་པའི་བྱང་ཆུབ་དམ་པ་ཐོབ་པར་ཤོག །
གནས་སྐབས་ས་བདག་ཡབ་སྲས་སྐུ་ཚེ་རིང་། །
རྒྱལ་ཁམས་ཆོས་དང་ལྡན་ཞིང་བདེ་ལེགས་ཤོག །
བདག་ཀྱང་ཚེ་རིང་ནད་མེད་བར་ཆད་ཞི། །
བསམ་པ་ཐམས་ཅད་ཆོས་བཞིན་འགྲུབ་པ་དང་། །
མི་ཕམ་རྒྱལ་པོ་མངོན་པར་བྱང་ཆུབ་ཚེ། །
དེ་ཡིས་བྱང་ཆུབ་དམ་པ་ལུང་སྟོན་ཤོག །
དེ་ལྟའི་དོན་སྟོན་བྱེད་པའི་ཚིག་སྦྱོར་འདི། །
ཤིང་མོ་ཕག་ལོ་བྱ་སྤོའི་ཟླ་བ་ཡི། །
བཅོ་ལྔའི་ཉིན་པར་ཙོམ་མདོ་གནས་སར་རུ། །
ལེགས་པར་བྲིས་པ་ཀུན་ཏུ་བདེ་ལེགས་ཤོག །
ཆོས་རྒྱལ་འཕགས་པས་གོ་པེ་རྒྱལ་པོ་ལ་བསྐུར་བའི་འཕྲིན་ཡིག
བསྔགས་འོས་ལ་བསྔགས་པའི་རབ་བྱེད་བཞུགས།་སོ། །
བསྔགས་པ་འོས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། །
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །
སྲིད་པ་གསུམ་གྱི་སྐྱབས་གཅིག་པུ། །
ཆེ་བའི་ཆེ་བས་གུས་བཏུད་པ། །
སངས་རྒྱས་དཔལ་གྱི་ཡུལ་ལ་འདུད། །
རྒྱལ་པོ་ཁྱོད་ཀྱིས་སྔོན་སྤྱད་པའི། །
དགེ་ཚོགས་རྒྱ་མཚོ་ལས་གྲུབ་པའི། །
དཔལ་འདི་ཕྱོགས་མཐར་གཏུགས་པ་ཡི། །
འགྲོ་ལ་སླར་ཡང་བརྟན་གྱུར་ཅིག །
ཁྱོད་ཀྱིས་རྒྱལ་སྲིད་རྒྱུ་དང་ནི། །
དཀའ་ཚེགས་ཆེན་པོས་མ་བཞེས་ཀྱང་། །
ཉིད་ཀྱི་དཔལ་དང་བདེན་པའི་མཐུས། །
ཅི་བདེར་དབང་བགྱིས་ངོ་མཚར་ལགས། །
ཁྱོད་ཀྱི་མཆེད་སོགས་རྒྱལ་རྒྱུད་གཞན། །
གཞན་གྱིས་བསླུས་ནས་ལོ་གཞུགས་རྣམས། །
ཕྱོགས་བསླད་གྱུར་བཞིན་ཉིད་ལྷགས་ཏེ། །
ཁྱོད་ཞབས་བཏུད་པ་ཡ་མཚན་ལགས། །
སྔར་རབས་རྒྱལ་པོ་མང་ཞིག་གིས། །
རང་གི་སྐུར་བཅས་སྡེ་ཆེན་གྱི། །
ཚོགས་ཀྱིས་གདུལ་བྱར་མ་སྤྱོད་པའི། །
རྒྱལ་པོ་བཅས་པའི་རྒྱལ་སྲིད་བཞན། །
ཤིན་ཏུ་རྩོལ་བའང་མི་མངའ་བཞིན། །
རང་དབང་ཉིད་དུ་དབང་མཛད་དེ། །
དེ་ཡི་འབྱོར་བས་ཀུན་འབྱོར་དུ། །
མཛད་ནས་དེ་དག་བདེ་ལ་སླར། །
བཀོད་འདི་སྡོན་ཆད་ས་སྟེང་འདི། །
བྱུང་བ་སུས་ཀྱང་མ་འཚལ་བའི། །
སྙན་བས་ས་གསུམ་རབ་ཁྱབ་པས། །
རང་སྲིད་སྙེམས་པའི་དཔལ་འཕེལ་ཞིང། །
ཕྱོགས་གཞན་དྲི་བཞིན་ཡིད་གཡོ་བར། །
གྱུར་འདི་ཁྱོད་ཉིད་གཅིག་པུའི་དཔལ། །
དོ་ཟླ་རྣམས་བར་དབེན་པ་ལགས། །
དཔལ་འབྱོར་འདི་འདྲ་མཐོང་བའི་མིག །
ཀུན་ནས་ཟ་ཟིར་གྱུར་པ་ནི། །
སྣ་ཚོགས་སྒྱུ་མའི་ཆོ་འཕྲུལ་གྱིས། །
རྣམ་པར་བསླད་པའི་མིག་འདྲ་མཆིས། །
འདི་འདྲ་ཐོས་པའི་ཉན་ཤེས་ཀྱིས། །
ཡིད་དབང་རྣམ་པར་བསྐྱོད་པ་ནི། །
སྐམ་པས་གདུང་བ་རྣམས་ཀྱི་ཡིད། །
རླུང་ཆེན་སྒྲ་ཡིས་བསྐུལ་འདྲ་མཆིས། །
ཁྱོད་ཀྱི་དཔལ་གྱིས་རྒྱལ་སྲིད་དག །
སོ་སོར་བརྟན་པའང་འདྲེས་གྱུར་པ། །
འཁོར་ལོས་སྒྱུར་བའི་དཔལ་རྒྱལ་གྱིས། །
གླིང་བཞི་གཅིག་ཏུ་འདྲེས་འདྲེས་མཆིས། །
འདྲི་འདྲ་གནས་རིག་གོང་མ་ཡི། །
ལྷ་རྣམས་དག་གིས་མཐོང་གྱུར་པས། །
སྙིགས་མའི་དུས་ལ་དེ་དག་ཡིད། །
ཀུན་ནས་སོམ་ཉིར་གྱུར་ལགས་གྲང་། །
འདི་འདྲའི་དཔལ་འབྲས་སྨིན་གྱུར་པས། །
ཁྱོད་ཀྱི་བདེ་འགྲོ་བརྙེས་བགྱི་བའི། །
ཕུན་སུམ་ཚོགས་པས་ཕུན་ཚོགས་སླད། །
སྨོན་པར་བགྱི་གཞན་མ་མཆིས་སོ། །
དེ་སླད་སྐྱེ་དགུ་ཐམས་ཅད་ཀྱིས། །
དཔལ་འབྱོར་འདི་འདྲས་འབྱོར་གྱུར་པའི། །
ས་བདག་སྔོན་ཆད་མ་བྱུང་ཞིང་། །
འདི་ཡིས་ཉིད་སྲས་བཞིན་བསྐྱངས་པའི། །
འབངས་ཀྱང་སྔོན་ཆད་མ་བྱུང་ཞེས། །
ཕན་ཚུན་དགའ་བས་ཞལ་ཡི་སྒྲ། །
ཉེ་བར་སྒྲོགས་པའི་སིལ་སྙན་སྒྲས། །
ཁྱེད་ཀྱི་ཐུགས་ཀྱང་དགྱིས་འགྱུར་ཞིང་། །
སྐྱེ་དགུའི་དགའ་བར་མཛད་དུ་གསོལ། །
ཁྲིམས་ཀྱི་རྨོས་ཀྱིས་སྲིད་འབངས་ཀྱི། །
ཞིང་ས་དུལ་བར་བགྱིས་པ་ལས། །
ཆོས་ཀྱིས་ས་བོན་བཏབ་བགྱིས་ཏེ། །
ཟང་ཟིང་ཆུ་ལུད་ཉེར་བྲན་བས། །
བདེ་འགྲོ་འབྱོར་བའི་མྱུ་གུ་དང་། །
རྣམ་གྲོལ་ལོ་ཏོག་སྨིན་པ་ལ། །
བདག་གཞན་དགྱིས་དགུར་སྤྱོད་པར་མཛོད། །
གང་གི་བསོད་ནམས་གསེར་གྱི་གཞིར། །
དཔལ་འབྱོར་ཆུ་གཏེར་ཉེར་འཁྱིལ་བ། །
བདག་གཞན་ཀུན་གྱི་དུས་ཀུན་དུ། །
ལྷུག་པར་གང་སྤྱོད་དེ་རྨད་དོ། །
གཙུག་ལག་དུ་མའི་དོན་ལ་ཐུགས། །
ཀུན་ནས་གསལ་བར་གྱུར་ཁྱོད་ཀྱིས། །
མ་དཔྱད་པ་ཡི་དངོས་པོ་དང་། །
མི་མཁྱེན་པ་ཡི་ཆོས་མ་མཆིས། །
དེ་སླད་ཁྱོད་ཀྱིས་མཁྱེན་པ་ཡི། །
སླད་དུ་ཚིག་འདི་མ་སྨོས་ཀྱང་། །
སྙན་གྲགས་ཐོས་བས་བདག་གི་ཡིད། །
སྤྲོ་བའི་སླད་དུ་སྨོས་པ་ལགས། །
པད་རྒྱས་དྲི་བསུང་བསེར་བུ་ཡིས། །
བསྐྱོད་པས་རིང་གནས་ཉམ་ཆུང་གིས། །
བུང་བས་ཚོར་ཚེ་སྟོབས་མེད་ཀྱང། །
དར་དིར་སྒྲ་སྙན་སྒྲོགས་པ་བཞིན། །
དེ་ལྟར་བསྔགས་བགྱི་འོས་ཁྱོད་ལ། །
བདག་གིས་བསྔགས་པས་ཉེར་བསྐུལ་ནས། །
ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །
བསྔགསཤིང་ཤིས་པ་གསུང་གྱུར་ཅིག །
ཁྱོད་སྐུ་ལྷུན་པོ་ལྟ་བུར་བརྟན། །
དཔལ་འབྱོར་རྒྱ་མཚོ་ཆེ་ལྟར་འཁྱིལ། །
འདོད་དགུའི་རིན་ཆེན་རྣམ་མང་གིས། །
སྐྱེ་དགུ་རྟག་ཏུ་ཚིམ་བྱེད་ཤོག །
ཧོར་གྱི་རྒྱལ་རབས་ལྔ་པ་རྒྱལ་པོ་ཆེན་པོ་གོ་པེ་ལ་ཞེས་བྱ་བའི་བསོད་ནམས་ཀྱི་དཔལ་གྱིས། རྒྱལ་ཁམས་ཐམས་ཅད་གཅིག་ཏུ་བཟླུམ་ཞིང་། ཁྱར་པར་དུ་ཡུད་རིང་བོ་ནས། རྒྱལ་རབས་བར་མ་ཆད་པར་རྒྱལ་སྲིད་བརྟན་པར་གནས་པ། མན་ཙེར་ཞེས་བྱ་བའི་རྒྱལ་ཁམས་རབ་ཏུ་ཡངས་པ་ཐ་གྲུ་དང་བཅས་པར་བལྟས་ཏེ། མིའི་དབང་པོའི་ཞབས་ཀྱི་པདྨོའི་ལ་གཏུགས་ནས། དཔལ་འབྱོར་གྱི་གཟིས་རྒྱས་མཚོའི་མཐས་གཏུགས་པའི་སའི་འཁོར་ཐམས་ཅད་ཁྱད་པར་མཛད་པ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་འདི་དགེ་སློང་འཕགས་པས་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ཀྱི་ཉིན་པར་སྐར་མ་རྒྱལ་ལ་བབ་པའི་ཚེ་སྨར་ཁམས་ཀྱི་སའི་ཆ་ཙོམ་མདོ་གནས་གསར་ཞེས་བྱ་བར་སྦྱར་བའོ། །