ཤོ་དགོན་པའི་འགྲོ་མགོན་རིན་ཆེན་ལ་སྤྲིང་བ།

ཤོ་དགོན་པའི་འགྲོ་མགོན་རིན་ཆེན་ལ་སྤྲིང་པ།

ཨོཾ་སྭ་སྟི་སིངདྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

 བདེན་པར་སྨྲ་བ་འཕགས་པ་རྒྱ་མཚོའི་འཁོར། །

འདུས་པའི་གཙུག་ན་སྟོང་ཉིད་སེངྒེའི་སྒྲ། །

རྡུལ་བྲལ་དཔག་ཡས་འཇམ་པའི་ཡན་ལག་གིས། །

སྒྲ་དབྱངས་སྒྲོགས་པ་དེ་ལ་ཕྱག་འཚལ་ལོ། །


 
རྒྱལ་བའི་གསུང་རབ་ཇི་བཞིན་ཆོས་སྨྲ་ཞིང་། །

གྲུབ་པ་མཆོག་བརྙེས་དུ་མ་བཞུགས་པའི་གཞི། །

དཔལ་ལྡན་ས་སྐྱའི་དགོན་པ་ལེགས་གནས་པ། །

སྡེ་སྣོད་འཛིན་པ་དེ་ཡི་སྤྲིང་ཡིག་འདི། །

 
དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །

རྟོགས་ལྡན་འཕགས་པའི་ཚོགས་ཀྱི་རབ་གང་བ། །

གྲུབ་པའི་གནས་མཆོག་ཤོ་དགོན་དབེན་གནས་སུ། །

བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །

 དཔལ་ལྡན་ས་སྐྱ་པཎྜི་ཏས་ཞིང་ཁམས་རྣམ་པར་དག་པ། ཤར་ཕྱོགས་ཀྱི་རྒྱུད་ས་གཞི་དགོས་འདོད་འབྱུང་བ་སྨར་ཁམས་ཀྱི་ཆ།  ཆུ་ཀླུང་དལ་གྱིས་འབབ་པ་ཟླ་ཆབ་དཀར་མོའི་ངོགས།  ཕྱོགས་ཀུན་ནས་རིན་པོ་ཆེའི་གཏེར་ཁ་དུ་མ་དང་ལྡན་ཞིང་།  འབྲུ་སྣ་ཚོགས་ཀྱི་འབྱུང་ཁུངས་འཁོར་ཡུག་གི་རི་བོ་རབ་ཏུ་མཐོ་ཞིང་།  ས་གཞི་ཡིད་དུ་འོང་བ་ལྷུན་པོའི་ངོས་ལ་འཇམ་པའི་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་སྣང་བ་ཙནྡན་གྱི་ནགས་ཚལ།  ཡལ་ག་དང་ལོ་འདབ།  མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་མཛེས་པའི་བྱ་རྣམས་སྙན་པའི་སྒྲ་དབྱངས་སྒྲོགས་པ་དང་བཅས་པས་དགའ་བའི་ཚལ་ཀུན་ཏུ་བརྒྱན་པ་ལྟར། ལྷའི་བུ་དང་བུ་མོ་རྣམས་ཀྱང་ཡིད་འཛིན་པར་བྱེད་པའི་གནས།  ཉམས་མྱོང་དང་རྟོགས་པ་འཕེལ་བར་བྱེད་པའི་དབེན་གནས་དམ་པ།  དཔལ་གྱི་ཤོ་དགོན་ན་བཞུགས་པ་ཚུལ་ཁྲིམས་དང་སྒྲུབ་པ་ཕུན་སུམ་ཚོགས་ཤིང་། རྟོགས་པ་དང་མཁྱེན་བརྩེའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སྐྱེས་བུ་དམ་པ་རིན་ཆེན་གདན་ས་བའི་ཕྱག་ཏུ་འབུལ་བ།  ཁྱེད་ཀྱིས་བླ་མ་དམ་པ་རྣམས་ལ་སངས་རྒྱས་སུ་འཛིན་པའི་རྣམ་པར་ཐར་པ་དང་ལྡན་པས།  ཆོས་རྗེ་ས་སྐྱ་པ་ཆེན་པོའི་ཞབས་དྲུང་དུ་རིན་པོ་ཆེ་ཕག་མོ་གྲུ་པས་གཏུགས།  གདམས་ངག་དང་རྗེས་སུ་བསྟན་པ་མནོས་པའི་དབང་གིས་ང་ལ་ཡང་བརྒྱུད་པའི་བླ་མར་བཟུང་ནས།  ངེད་ཀྱི་བུ་སློབ་རྣམས་ཀྱང་བདག་གཉེར་མཛད་ཅིང་། བསྟན་པའི་སྲོག་ཤིང་དུ་བཞུགས་ནས་ས་སྐྱ་པ་དང་ཁྱད་མེད་དུ་མཛད་བྱ་བ་ཁྱེད་རང་གི་སློབ་མ་སྟོན་པ་ཚུལ་གཞོན་དག་ལས་ཐོས།  དེ་ལ་དགའ་ཞིང་རྗེས་སུ་ཡི་རང་།

སླད་མ་ངེད་ལ་ཧོར་གྱི་རྒྱལ་པོས་བླ་མཆོད་ལ་འོང་དགོས་བྱ་བའི་གདན་འདྲེན་ནན་ཅན་ཡང་ཡང་བྱུང་བས་ད་ལོ་འགྲོ་བ་ལགས།  ཁྱེད་ཀྱིས་ཀྱང་རྒྱལ་པོའི་བླ་མཆོད་བྱ་རྒྱུ་དང།  མི་གོ་ཆོད་འགའ་འདབ་ནོར་དང་ངེད་ཀྱི་ཟླ་ལ་བཏང་ནས་རྒྱལ་པོའི་གསེར་ཡིག་དང་འཇམ་ས་ཞུས་ན་ངོ་ལྟ་བརྟན་པ་ཡིན་པས་ཐུགས་ལ་འཐད་ན་ངས་རོགས་ལྡན་གང་དགོས་བྱེད་པ་ལགས།

ངེད་གར་ཡོད་ཀྱི་སྡོན་ལ་མི་ཐོངས། ཁྱེད་ཀྱི་སློབ་མ་སྟོན་ཚུལ་ལ་སོགས་པ་ཀུན་ཡང་ཡོན་ཏན་ཆེ་བར་ཡོད།  ཁྱེད་ལ་ཡང་མོས་གུས་དང་རེ་གཉིས་ཀ་ཆེ་བར་གདའ།  ཁྱེད་ཀྱི་བསྟན་པའི་སྒོར་ཞུགས་ཚད་རྣམས་ལ་སྐུ་གཅེས་པ་ཉ་དང་ཚེས་བརྒྱད་བྱུང་ངོ་ཅོག་ལ་རྣམ་རྒྱལ་སྟོང་མཆོད་མང་བ་རེ་མཛད་པར་ཞུ། ཡིག་རྟེན་དུ་ཡྰ་ཙེ་རྒྱལ་པོས་ཁོང་རང་གི་ཐུགས་དམ་དུ་བཞེངས་ནས་ངེད་ལ་ཕུལ་བའི་གསེར་སྡུད་ཡིག་ཤོག་ཁྱད་པར་དུ་འཕགས་ཤིང་།  གླེགས་ཤིང་གི་རྒྱབ་རྐོས་ལ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྐོར་བ་དང་།  ལྡུམ་རྫིངས་དང་།  པ་ཏྲ་ལ་སོགས་པ་བཟོ་གནས་ཁྱད་པར་འཕགས་པ་དུ་མ་དང་ལྡན་པ།  ཙོའུ་ཟི་དམར་པོ་དང་། བོའུ་རས་དཀར་པོའི་ན་བཟའ་ཅན་གནག་འབུམ་གཅིག་དང་ངོ་མཉམ་ཟེར་བ་ཞིག་ཐུགས་དམ་དུ་འབུལ།  གཞན་དུ་མི་གཏང་བར་ཞུ། རས་དར་ཚོན་མ་ཡ་བ་ལེགས་པ་ཞིག་དང་། ཀ་རའི་གླང་པོ་ཆེ་ཞིག་འབུལ་ཞིང་མཆིས། 

དུས་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུལ། །

བདག་འཛིན་བུད་ཤིང་སྲེག་པའི་ཡེ་ཤེས་མེ། །

མ་རིག་མུན་པ་གསལ་བྱེད་རིན་ཆེན་སྒྲོན། །

ཟབ་མོའི་དོན་སྟོན་གསུང་རབ་དྲི་མ་མེད། །
 

སྡུག་བསྔལ་ནད་ཀུན་སེལ་བྱེད་སྨན་གྱི་མཆོག །

ཞལ་གསུང་ཕ་རོལ་ཕྱིན་གཞུང་སུམ་བརྒྱ་པ། །

མཐིང་ཤོག་གཞི་ལ་གསེར་ཡིག་ཁྱད་པར་འཕགས། །

གླེགས་ཤིང་ངོས་ལ་ཕྱོགས་བཅུའི་སངས་རྒྱས་སྐུ། །

 

འཛམ་བུའི་གསེར་ལས་བཟོ་གནས་དུ་མས་བརྒྱན། །

དབུས་གཙང་མཐིལ་ན་ཁྱད་པར་འཕགས་པ་འདི། །

དགེ་འདུན་རྒྱ་མཚོ་འདུ་བའི་ཕོ་བྲང་དུ། །

མི་མཆོག་ཁྱེད་ལ་མཆོད་པའི་རྟེན་དུ་འབུལ། །

 

ཀ་ཤིའི་རས་དང་ཀ་རའི་གླང་པོ་མཆོག །

དངོས་པོ་ཤིན་ཏུ་ཕྲ་བར་གྱུར་ན་ཡང་། །

དགའ་བའི་ཡིད་ཀྱིས་རིང་ནས་བསྐུར་བ་འདི། །

མོས་པའི་སྟོབས་ཀྱིས་ཕྱག་ཏུ་ཕྱིན་ནས་ཀྱང་། །

 

དྭངས་ཤིང་དགྱེས་པའི་ཐུགས་ཀྱིས་བཞེས་ནས་སུ། །

གཞན་ཕན་ཐུགས་ལས་ཆུང་ལ་མི་གཞོལ་ཞུ། །

 

རྟོགས་པ་ཟླ་མཛེས་ཡོན་ཏན་དཀྱིལ་འཁོར་རྒྱས། །

ཕྲིན་ལས་བསིལ་འོད་ཉོན་མོངས་གདུང་བ་སེལ། །

སློབ་མ་ཀུནྜའི་ཚལ་རབ་རྒྱས་མཛད་པ། །

སྐྱེ་མཆོག་རི་བོང་འཛིན་པ་རྒྱལ་གྱུར་ཅིག །

དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་མཆོག་གིས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་ཉིན་བྱེད་འགྲོ་མགོན་རིན་ཆེན་མཆོག་ལ་ཕུལ་བའི་འཕྲིན་ཡིག་ལ་བལྟ་ན་དུས་རབ་དེར་སྨར་ཁམས་གསེར་མོ་ལྗོངས་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་དང་ནང་དུ་བཤད་སྒྲུབ་ཀྱི་བསྟན་པའི་ཡུལ་ལུང་མཛེས་པར་བྱས་པའི་ཁྱད་ཆོས་རྣམས་ཞིབ་ཕྲ་གསལ་བར་བྱས་ཡོད་ལ། ལྷག་པར་དུ་ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེའི་ཐུགས་སྲས་འགྲོ་མགོན་རིན་ཆེན་གྱི་མཁས་པའི་ཡོན་ཏན་དང་གྲུབ་པའི་ཉམས་རྟོགས་ལས་འཁྲུངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པའི་སྒྲུབ་བྱེད་ཆེས་གསལ་བར་མངོན་འདུག་པས་ཟུར་གནས་སྐྱེ་བོ་རྣམས་ཀྱིས་གཟིགས་པར་འཚལ། །
 
 

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།