བདེ་མཆོག་ལྷན་སྐྱེས་ལ་བསྟོད་པ།

ཆོས་རྗེ་སྨར་པས་ལྷན་སྐྱེས་ལ་བསྟོད་པ།

ན་མོ་གུ་རུ། །
ཆོས་སྐུ་གདོད་ནས་སྐྱེ་འགག་མེད་ན་ཡང་། །
དག་སྣང་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ། །
ནམ་མཁའི་རང་བཞིན་བཅོམ་ལྡན་ཧེ་རུ་ཀ །
ལྷན་སྐྱེས་བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །

སྐུ་མདོག་མི་འགྱུར་མཐིང་ནག་ཐུགས་ཀྱི་རིགས། །
ཞལ་གཅིག་ཕྱག་གཉིས་སྟག་གི་ཤམ་ཐབས་ཅན། །
ཤེས་རབ་རང་བཞིན་རྡོ་རྗེ་ཕག་མོ་དང་། །
གཉིས་མེད་ཞལ་སྦྱོར་ཧེ་རུ་ཀ་ལ་བསྟོད། །

དབུ་ཡི་གཙུག་ཏུ་ཡིད་བཞིན་ནོར་བུས་མཛེས། །
མ་རིག་མུན་སེལ་ཟླ་ཚེས་གཡོན་དུ་གསལ། །
ཡེ་ཤེས་ལྔ་ལྡན་བཅུ་ཕྱེད་ཐོད་འཕྲེང་ཅན། །
མི་བསྐྱོད་དབུ་བརྒྱན་ཧེ་རུ་ཀ་ལ་བསྟོད། །

སྒེགས་ཅིང་དཔའ་བ་མི་སྡུག་སྐུ་ཡི་ཉམས། །
རྒོད་ཅིང་དྲགས་ཤུལ་འཇིགས་རུང་གསུང་གི་ཉམས། །
སྙིང་རྗེ་རྔམ་དང་ཞི་བ་ཐུགས་ཀྱི་ཉམས། །
གར་གྱི་ཉམས་དགུ་ཧེ་རུ་ཀ་ལ་བསྟོད། །

ཆུ་སྐྱེས་ཉི་མའི་གདན་ལ་འགྱིང་ཞིང་མཛེས། །
བརྐྱང་བསྐུམ་ཞབས་ཀྱིས་འཇིགས་བྱེད་དུས་མཚན་མནན། །
མ་རུངས་འདུལ་ཕྱིར་ཐོད་པའི་འཕྲེང་བས་བརྒྱན། །
དྲེགས་པ་གསུམ་འདུལ་ཧེ་རུ་ཀ་ལ་བསྟོད། །
རྒྱན་དྲུག་ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས། །
སྤྱན་གསུམ་བསྒྲད་པས་དུས་གསུམ་མཁྱེན་པའི་བརྡ། །
ཡེ་ཤེས་མེ་དཔུང་ནང་བཞུགས་འཇིགས་པའི་སྐུ། །
གཟི་བརྗིད་མཚུངས་མེད་ཧེ་རུ་ལ་བསྟོད། །

སྲིད་གསུམ་ཟིལ་གནོན་མདོག་དཀར་མཆིག་བ་གཙིགས། །
འཕྲིན་ལས་རྣམ་བཞི་འགྲོ་དོན་རྫོགས་མཛད་ཕྱིར། །
སྣ་ཚོགས་རྡོ་རྗེས་དབུ་བརྒྱན་འོད་ཟེར་འཕྲོས། །
དངོས་གྲུབ་འབྱུང་གནས་ཧེ་རུ་ཀ་ལ་བསྟོད། །

དཔའ་བོ་དཔའ་མོ་སུམ་བཅུ་རྩ་བདུན་དང་། །
ཉི་ཤུ་རྩ་བཞིའི་གནས་དང་ཉི་བའི་གནས། །
བཅོམ་ལྡན་སྐུ་ལ་དབྱེར་མེད་ལྷུན་གྲུབ་བཞུགས། །
མཁའ་འགྲོ་དབང་ཕྱུག་ཧེ་རུ་ཀ་ལ་བསྟོད། །

ནམ་མཁའ་དང་མཉམ་ཆོས་སྐུ་བསམ་མི་ཁྱབ། །
མཚན་དཔེ་རབ་བརྒྱན་ལོངས་སྐུ་བསམ་མི་ཁྱབ། །
ཆུ་ཟླ་དང་མཚུངས་སྤྲུལ་སྐུ་བསམ་མི་ཁྱབ། །
སྐུ་གསུམ་དབྱེར་མེད་ཧེ་རུ་ཀ་ལ་བསྟོད། །

ལྷ་མཆོག་ཁྱོད་ལ་བསྟོད་པའི་བསོད་ནམས་ཀྱིས། །
ཕྱི་ནང་བསྒྲུབ་པའི་བར་ཆད་ཞི་བ་དང་། །
སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ་བརྙེས་ཤིང་། །
མ་འོངས་དུས་སུ་འགྲོ་བའི་འདྲེན་པར་ཤོག །
ཅེས་བཅོམ་ལྡན་འདས་ལྷན་སྐྱེས་ལ་རྣལ་འབྱོར་པ་ཤེས་རབ་ཡེ་ཤེས་ཀྱིས་དད་པའི་སྒོ་ནས་ཚིགས་སུ་བཅད་པ་བཅུས་བསྟོད་པ་རྫོགས་སོ། །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།