ཤེས་རབ་སྙིང་པོའི་འགྲེལ་པ་མུན་སེལ་སྒྲོན་མེ།

ཕྱག་ཞབས་འཁོར་ལོའི་རི་མོ་རྣམ་པར་བཀྲ། །
སྲིད་ཞིའི་ལྷུན་གྲུབ་སྟོབས་བཅུ་མ་ལུས་མངའ། །

ཕན་བདེ་ཟབ་རྒྱས་ཆོས་ཀྱི་གདོང་ལྔའི་སྒྲ། །
སྒྲོག་མཛད་བུ་རམ་ཤིང་པར་མགོས་ཕྱག་འཚལ། །


ཐུབ་པའི་དགོངས་པ་བཞེད་ལ་ཟླ་མེད་པའི། །
ཟབ་མོའི་དྲི་ལན་གང་ཚེ་འདི་འདྲའི་གཏམ། །
འབྱུང་བ་གྲུ་འཛིན་མགོན་དང་ཤྰ་རིའི་བུར། །
བྱང་ཆུབ་སྙིང་པོའི་བར་དུ་སྤྱི་བོས་མཆོད། །

རྒྱལ་བ་སྲས་བཅས་ཀུན་གྱི་གཅེས་པའི་མཛོད། །
ཤེས་བྱའི་གནས་ལུགས་གཅིག་འདུས་གསུང་རབ་ལ། །
ལེགས་ལྟོས་སྙིང་པོའི་ཚིག་གསལ་མདོ་ཙམ་དུ། །
བཤད་པའི་མཆན་བུ་འདི་ཉིད་བྲི་བར་བྱ། །
ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དོན་འཆད་པ་ལ་བཞི་ཡོད་དེ། །མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སཾསྐྲྀཏའི་སྐད་དུ་གཞུང་འདིའི་མཚན་ལ་བྷ་ག་ཝ་ཏི་ཛྙ་པྰ་ར་མི་ཏ་ཧྲི་ད་ཡ་ཞེས་མཚན་སྨྲོས་ཀྱི་ཡོད།  དེའི་དོན་བོད་གངས་ཅན་གྱི་སྐདདུ་ཤན་སྦྱར་བྱེད་ན།  བྷ་ག་ཝ་ཏི་ནི་བཅོམ་ལྡན་འདས་མ།  པྲ་ཛྙ་པྰ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཧྲི་ད་ཡ་ནི་སྙིང་པོ་ཞེས་བྱའོ། །གཞུང་འདིའི་མཚན་རྒྱ་གར་གྱི་སྐད་རང་སོར་བཞག་དགོས་པའི་དོན་ནི། ཆོས་འདིའི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་ཡིན་པར་ཤེས་པའི་ཕྱིར་དང་། སཾ་སྐྲི་ཏའི་སྐད་ལ་བག་ཆགས་འཇོག་པ་དང་། ལོ་པཎ་རྒྱལ་བློན་རྣམས་ཀྱི་བཀའ་དྲིན་དྲན་པའི་ཆེད་དུ་འཇོག་པ་ཞིག་ཡིན།
གཉིས་པ་འགྱུར་ཕྱག་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སྡེ་སྣོད་ངོས་འཛིན་གྱི་ཕྱག་ཡིན་པས་གཞུང་འདི་སྡེ་སྣོད་གསུམ་པོ་གང་གི་ཁོངས་སུ་གཏོགས་ཤེ་ན། གཞུང་འདི་ནི་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་ཤེས་པའི་ཕྱིར་ཏུ་ཡིན།
གསུམ་པ་གཞུང་གི་དོན་ལ་མདོ་ལས་བྱུང་བའི་གླེང་གཞི་དང་མདོ་དངོས་ཀྱི་དོན་བཤད་པ་གཉིས་ཡོད་དེ།  དང་པོ་ལ་གཉིས། གླེང་གཞི་ཐུན་མོང་བ་དང་། གླེང་གཞི་ཐུན་མོང་མ་ཡིན་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་བཞིའི་སྒོ་ནས་བསྟན་པ་ཡིན་ཏེ། དུས་ཕུན་སུམ་ཚོགས་པ། སྟོན་པ་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པའོ། །
དང་པོ་ནི། ཟབ་མོ་ཀུན་གྱི་གནད་གཅིག་ཏུ་བསྡུས་པའི་གཞུང་འདི་སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་སྦྱར་སཾསྐྲྀཏའི་སྐད་དུ་གསུངས་པའི་དུས་སུ་ཀུན་དགའ་བོ་བདག་གིས་ཆོས་གྲལ་ལ་བཞུགས་པའི་དགེ་འདུན་མང་པོའི་དབུས་ན་རྣ་བའི་དབང་པོས་ཐོས་པའི་དུས་ཕུན་སུམ་ཚོགས་པའི་གནས་སྐབས་བཟང་པོ་གཅིག་ན། ཞེས་ཀུན་དགའ་བོས་མདོ་འདི་ཐོས་པའི་དུས་ཕུན་སུམ་ཚོགས་པ་བསྟན་པ་ཡིན།  འདི་བདག་གིས་ཐོས་ཞེས་པའི་ཐོས་པ་པོ་དེ་ཡང་སློབ་དཔོན་སེངྒེ་བཟང་པོས་ཀུན་དགའ་བོ་འདོད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱག་རྡོར་འདོད་པ་དང་། པཎྜི་ཏ་འགའ་ཞིག་གིས་འཕགས་པ་འཇམ་དཔལ་འདོད་པ་སོགས་ཡོད་ཀྱང་ཁོ་བོ་ནི་སློབ་དཔོན་སེངྒེ་བཟང་པོའི་དགོངས་པའི་རྗེས་སུ་འབྲང་བ་ཡིན་ནོ། །
གཉིས་པ་ནི། ཉོན་མོངས་པའི་དགྲ་བོ་མ་ལུས་པ་བཅོམ་པས་སྤངས་རྟོགས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་། བྱ་བྱེད་ཀྱི་འཛིན་པ་ཐམས་ཅད་ལས་འདས་པའི་སྟོན་པ་ཕུན་སུམ་ཚོགས་པ་གང་ཉིད་ཀྱིས་ཤེས་རབ་སྙིང་པོའི་མདོ་འདི་སྟོན་པར་མཛད་དོ། །
གསུམ་པ་ནི། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གསུངས་པའི་གནས་ཕུན་སུམ་ཚོགས་པ་གྲོང་ཁྱེར་ཆེན་པོ་མ་ག་དྷ་ཡི་ཁོངས་སུ་གཏོགས་པ་རྒྱལ་པོའི་ཁབ་ཀྱི་ཉེ་འགྲམ་བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་ཡིན།
བཞི་པ་ནི། འོ་ན་སྟོན་པས་འཁོར་ཅི་ལྟ་བུ་ཞིག་ལ་ཤེས་རབ་སྙིང་པོ་འདི་གསུངས་པ་ཡིན་ནམ་ཞེ་ན། འཁོར་ཕུན་སུམ་ཚོགས་པ་ཤྰ་རིའི་བུ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་གྲངས་ལས་འདས་པ་རྣམས་དང་། འཕགས་པ་སྤྱན་རས་གཟིགས་ལ་སོགས་པ་ཁྱིམ་པའི་བྱང་ཆུང་སེམས་དཔའ་དང་རབ་བྱུང་གི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་གྲངས་ལས་འདས་པ་རྣམས་དང་། ཐབས་གཅིག་སྟེ་འཁོར་ཚོགས་སྤྱོད་པ་མཐུན་པ་ཤ་སྟག་གི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་དུ། བདག་ཅག་གི་སྟོན་པ་ཤྰཀྱའི་རྒྱལ་པོ་གདུལ་བྱ་ལ་ཐུགས་བརྩེ་བ་ཆེན་པོས་ལྷན་གཅིག་ཏུ་བཞུགས་ཏེ་ཐུགས་སྨོན་མཛད།
གཉིས་པ་ཐུན་མོང་མ་ཡིན་པ་ནི། དུས་དེའི་ཚེ་སྟོན་པ་བཅོམ་ལྡན་འདས་སྟོང་ཉིད་ཟབ་མོ་སྣང་བ་ཞེས་བྱ་བའིཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་ཐུགས་སྙོམས་པར་བཞུགས་ནས་འོག་གི་དྲིས་ལན་རྣམས་འབྱུང་བར་བྱིན་གྱིས་བརླབས་སོ། །སྟོན་པ་སྙོམས་པར་བཞུགས་པ་ཡང་གདུལ་བྱ་རྒྱུད་སྨིན་པ་དེའི་ཚེ  བྱང་ཆུབ་སེམས་དཔའ་ཀུན་གྱི་ནང་ནས་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་ཟབ་མོའི་སྤྱོད་པ་དེ་ཉིད་ལ་རྣམ་པ་དག་པར་བལྟ་ཞིང་། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་བདེན་པར་ཡེ་ནས་གྲུབ་པ་མེད་པ་སྟོང་པར་རྣམ་པར་བལྟ་བ་བྱའོ། །དེ་ལྟར་སྤྱན་རས་གཟིགས་ཀྱིས་སྟོང་པ་ཉིད་ལ་ལྟ་གྲུབ་པ་དང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པའི་མཐུ་ཡི   ཚེ་དང་ལྡན་པ་མཆོག་ཟུང་གི་ཡ་གྱལ་ཤྰ་རིའི་བུ་ཡི་དྲི་བ་མཛད་པའི་ཡུལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ  ཤྰ་རིའི་བུས་འདི་སྐད་ཅེས་སྨྲས་སོ། །ཞེས་འོག་ཏུ་སྨོན་ཚིག་སྟོན་པའི་དངོས་གཞི་ཡིན་ཞིང་། འདི་ཤྰ་རིའི་བུ་ཞེས་པ་དེ་ཡང་བྱ་ཤྰ་རི་ཀའི་མིག་དང་འདྲ་བའི་མ་ཤྰ་རི་ཀའི་བུ་ཡིན་པའི་ཕྱིར་ན་ཤྰ་རིའི་བུ་ཞེས་མཚན་གསོལ་བ་ཞིག་ཡིན། ཁོང་གི་རིགས་རྒྱུད་དེ་ཤྰ་ར་དྰ་ཏིའི་རིགས་ལས་འཁྲུངས་པའི་ཕྱིར་ན་ཤྰ་ར་དྰ་ཏིའི་བུ་ཞེས་རིགས་རྒྱུད་ཀྱི་མཚན་དྲངས་པ་ཡང་ཡོད། 
གཉིས་པ་མདོ་དངོས་ཀྱི་དོན་ལ་བཞི་ཡོད་དེ།  ཤྰ་རིའི་བུས་ཤེར་ཕྱིན་ལ་སྤྱོད་ཚུལ་དྲིས་པ། དེ་ལ་སྤྱན་རས་གཟིགས་ཀྱིས་ལན་བཏབ་པ།  སྟོན་པས་དེ་ལ་མཐུན་འགྱུར་བྱིན་པ། འཁོར་རྣམས་རྗེས་སུ་འཛིན་པའོ། །
དང་པོ་ནི། མཆོག་ཟུང་གི་ཡ་གྱལ་ཤྰ་རིའི་བུ་ཡིས་སྤྱན་རས་གཟིགས་གཙོས་རིགས་ཀྱི་བུ་དགེ་སློང་གི་དགེ་འདུན་དང་།  བྱང་ཆུབ་སེམས་དཔའ་དགེ་འདུན་དང་རིགས་ཀྱི་བུ་མོ་དགེ་སློང་མ་ལ་སོགས་པ་གང་ལ་ལ་ཞེས་པ་སྟེ།  སློབ་ཚོགས་ཀྱི་སྡེ་རྣམས་ལ་འདྲི་བའི་གཞི་དང་བཅས་ཏེ་དྲི་བ་མཛད།  དྲི་བ་ཇི་ལྟ་བུ་ཞིག་དྲི་བ་ཡིན་ནམ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྟེ་ཉམས་ལེན་ལ་ཇི་ལྟར་བསླབ་པ་བྱ་ཞེས་དང་། སྤྱོད་པ་ནི་ཤེར་ཕྱིན་ཉམས་སུ་ལེན་པ་འདོད་པའི་གང་ཟག་དེས་ཇི་ལྟར་ཉམས་ལེན་ལ་བསླབ་པར་བྱ་ཞེས་ཉམས་སུ་བླང་བྱ་དང་ཉམས་སུ་བླང་པ་པོ་གཉིས་ཀ་ལ་དྲི་བ་མཛད་པ་ཡིན།  སྤྱིར་སྤྱོད་པ་སེམས་ལ་གོ་བ་མང་ཡང་གཞུང་འདི་རྒྱ་འགྲེལ་ཁག་ཏུ་སྤྱད་སྤྱོད་གཉིས་ཀྱི་གོ་བ་ཁ་གསལ་མེད་པ་དང་གོ་བ་ལྡོག་ནས་བླངས་པ་སོགས་རྙོག་གྲ་མང་དུ་མཆིས་ཀྱང་སློབ་དཔོན་པྲ་ཤྰ་སྟར་སེ་ནའི་འགྲེལ་པ་ལས།  སྤྱོད་པ་ནི་གང་ཟག་སྟེ་བྱང་ཆུབ་སེམས་དཔའོ། །སྤྱད་པ་ནི་ཆོས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ལྟར་འགྲེལ་ན་གཞུང་གི་གོ་དོན་ལྷུན་ཆགས་པ་ཞིག་རྙེད་ཐུབ་པ་ཡིན། 
གཉིས་པ་དེ་ལ་སྤྱན་རས་གཟིགས་ཀྱིས་ལན་བཏབ་པ་ལ་གསུམ་ཡོད་དེ།  དབང་རྟུལ་ལམ་ལ་སློབ་ཚུལ་དང་། དབང་རྣོན་ལ་སྔགས་ཙམ་བསྡུས་ནས་བསྟན་པ་དང་། དོན་བསྡུས་པའོ། །དང་པོ་དབང་རྟུལ་ལམ་ལ་སློབ་ཚུལ་ལ་བཞི་ཡོད་དེ།  ཚོགས་སྦྱོར་གཉིས་ཀྱི་ལམ་ལ་སློབ་ཚུལ། མཐོང་ལམ་ལ་སློབ་ཚུལ། སྒོམ་ལམ་ལ་སློབ་ཚུལ། མི་སློབ་ལམ་ལ་སློབ་ཚུལ་ལོ། །དང་པོ་ཚོགས་སྦྱོར་གཉིས་ཀྱི་ལམ་ལ་སློབ་ཚུལ་ལ་གསུམ་ཡོད་དེ། མཚམས་སྦྱོར་བ། ཕུང་པོ་ལྔ་ལ་སློབ་ཚུལ། གཟུགས་དང་ཚོར་བ་ལ་སློབ་ཚུལ་ལོ། །
དང་པོ་ནི།  འདྲི་བ་ལན་མཁན་ཤྰ་རིའི་བུས་སྤྱན་རས་གཟིགས་ལ་དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ནང་ནས་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་དགེ་སློང་ཤྰ་རིའི་བུ་ལ། འདི་སྐད་ཅེས་སྨྲོས་སོཤྰ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་སྟེ། སུ་དང་སུ་ཡིན་རུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྟོང་ཉིད་སྤྱད་པ་ལ་སྤྱོད་པར་འདོད་པའི་གང་ཟག་དེས  ཚོགས་ལམ་དང་སྦྱོར་ལམ་གཉིས་ཀྱི་ལམ་ལ་འདི་ལྟར་རྣམ་པ་ཡང་དག་པར་བལྟ་བར་བྱ་དགོས་སྟེ་ཞེས་པ་ནི་འོག་ཏུ་ཕུང་པོ་ལྔ་པོ་ཡང་རང་བཞིན་སྟོང་པའི་ཚུལ་་བསྟན་པ་ཡིན། རྒྱ་འགྲེལ་ཁག་གི་ནང་དུ་ཚེ་དང་ལྡན་པ་ཤྰ་རིའི་བུ་ཞེས་པའི་ཚིག་དེ་ལས་མེད་ཀྱང་བོད་དཔེ་འགའ་ཞིག་གི་ནང་དུ་ཚེ་དང་ལྡན་པ་ཤྰ་ར་དྰ་ཏིའི་བུ་ཞེས་བྲིས་བ་སྣང་།
གཉིས་པ་ནི། འོ་ན་ཕུང་པོ་ལྔ་ལ་ཇི་ལྟར་བལྟ་བར་བྱ་དགོས་སམ་སྙམ་ན།  གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་བཅས་ལྔ་པོ་དེ་དག་ཀྱང་དོན་དམ་པའི་ངོ་བོ་རང་བཞིན་གྱིས་གྲུབ་པ་ཆ་ཙམ་མི་དམིགས་པའི་སྟོང་པ་རྟེན་འབྱུང་དང་རྟེ་འབྱུང་སྟོང་པའི་དོན་གྱི་རྣམ་པར་ཡང་དག་པར་མཁྱེན་ན་ཀུན་གྱིས་རྗེས་སུ་དེ་ལ་བལྟ་བར་བྱའོ། །
གསུམ་པ་ནི། གཟུགས་རང་བཞིན་གྱིས་སྟོང་པའི་ཚུལ་ཇི་ལྟ་བུ་ཞིག་ཡིན་ནམ་སྙམ་ན། ཀུན་རྫོབ་པའི་ཐ་སྙད་ཀྱི་ངོ་བོ་ལ་གཟུགས་སུ་སྣང་བ་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པའོ། །དེ་ལྟར་བདག་མེད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྲུབ་ཀྱང་རྣམ་པར་རྟོག་པས་གཟུགས་སུ་སྣང་བར་བྱས་སོ། །གཟུགས་ཕུང་ངོ་བོ་སྣང་ལ་རང་བཞིན་མེད་པའི་རྟེན་འབྲེལ་སྟོང་པ་དེ་ལས་ཀྱང་ལྷག་པའི་གཟུགས་ཀྱི་སྟོང་པ་ཉིད་ཅེས་པ་ཞིག་གཞན་དུ་ཡོད་པར་ཇི་ལྟར་བཙལ་ཡང་རྙེད་སྲིད་པ་མ་ཡིན་ནོ། །དེ་འདྲའི་སྟོང་པ་ཉིད་ལས་ཀྱང་ལྷག་པའི་གཟུགས་ཀྱི་སྟོང་པ་གཞན་ཞིག་རིག་པས་བཏགས་དོན་ཇི་སྲིད་བཙལ་ཡང་མཐའ་བྲལ་རྟེན་འབྲེལ་གྱི་གནད་ལས་གཞན་དུ་གྲུབ་པ་ཞིག་ཡོད་པ་ནི་མ་ཡིན་ནོ། །གོང་དུ་བཤད་པ་དེ་བཞིན་དུ་ཚོར་བ་རང་བཞིན་གྱིས་མ་གྲུབ་པའི་ཟབ་མོ་སྟོང་པ་དང་། འདུ་ཤེས་རང་བཞིན་གྱིས་མ་གྲུབ་པའི་ཟབ་མོ་སྟོང་པ་དང་། འདུ་བྱེད་རང་བཞིན་གྱིས་མ་གྲུབ་པའི་ཟབ་མོ་སྟོང་པ་དང་རྣམ་པར་ཤེས་པ་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཟབ་མོ་སྟོང་པ་ཉིད་དུ་བལྟ་བར་བྱའོ། །
གཉིས་པ་མཐོང་ལམ་དུ་སློབ་ཚུལ་ནི། མཆོག་ཟུང་གི་ཡ་གྱལ་ཆེན་པོ་བཙུན་པ་ཤྰ་རིའི་བུ་དེ་ལྟ་བས་ན། ཤེས་བྱའི་ཆོས་ཐམས་ཅད་གདོད་མའི་རང་བཞིན་གྱི་སྟོང་པ་ཉིད་དེ ཡོད་མེད་ཀྱིས་ཐག་གཅོད་པའི་མཚན་ཉིད་བདེན་གྲུབ་མེད་པ་སྟོང་པ་ཉིད་ཡིན་ལ། །དེ་ནི་རྟེན་ཅིང་འབྲེལ་བ་འབྱུང་བས་ཆོས་ཐམས་ཅད་མ་སྐྱེས་པའམ་འབྲས་བུ་སྐྱེས་པར་མེད་པ་སྟོང་པ་ཉིད་དོ། །མ་འགག་པའམ་འབྲས་བུ་འགག་པ་མེད་པ་རྣམ་པར་ཐར་པའི་སྟོང་པ་ཉིད་དོ། །ཀུན་ནས་ཉོན་མོངས་པའི་དྲི་བཅས་ལས་འདས་ཤིང་དྲི་མ་མེད་པའི་རྣམ་པར་ཐར་པའི་སྟོང་པ་ཉིད་དོ། །སྒྲིབ་གཉིས་དྲི་མ་དང་བྲལ་བའི་རྣམ་བྱུང་གི་མཚན་མ་ལྔ་མེད་པ་ཡིན་ཏེ།  བྲི་བའམ་ཟད་པར་འགྱུར་བ་དང་རང་བཞིན་གྱི་གྲུབ་པ་མེད་པའི་ཕྱིར།  གང་བ་སྟེ་སངས་རྒྱས་ངོ་བོ་ཉིད་ནས་གྲུབ་པ་ཞིག་ཇི་ལྟར་བཙལ་ཡང་རྙེད་པ་མེད་པའོ། །དེ་དག་ལ་ཟབ་མོ་བརྒྱད་ལྡན་ཞེས་བརྗོད་རིགས་པ་ཡིན། ཟབ་རྒྱ་ཆེ་བའི་ཤེས་རབ་སྙིང་པོའི་ཚིག་དོན་ལ་གོ་བ་ལེགས་པོ་ཞིག་ཆགས་ཐུབ་ན་འཁོར་འདས་དབྱེ་མེད་དང་ཕྱག་རྒྱ་ཆེན་པོའི་ལྟ་བའི་གནས་ལ་བྲོ་བ་གསར་པ་ཞིག་མྱོང་རྒྱུ་ཡོད་པ་ཡིན། གོང་ཞུས་ཀྱི་རྩ་ཚིག་མང་པོ་ཞིག་རྒྱ་འགྲེལ་ཁག་གི་ནང་དུ་འགྲེལ་མེད་པས་ཀླད་བསམ་དཀྲུག་པའི་སྙིང་པོ་བཏོད་ཁུལ་ཡིན།
གསུམ་པ་སྒོམ་ལམ་ལ་སློབ་ཚུལ་ལ་གཉིས་ཡོད་དེ། སྒོམ་ལམ་སྤྱི་ལ་སློབ་ཚུལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སློབ་ཚུལ་ལོ། །དང་པོ་ནི།  སྒོམ་ལམ་མཉམ་བཞག་པའི་གཟིགས་ངོར་སྣང་བ་ཅི་འདྲ་ཞིག་འཆར་བ་ཡིན་ནམ་སྙམ་ན། ཆོས་ཐམས་ཅད་གཟུགས་མེད་སྟོང་པ་ཉིད་དུ་སྣང་བའི་ཚུལ་དུ་སྤྱན་རས་གཟིགས་ཀྱིས་འདི་ལྟར་གསུངས་ཏེ།  ཤྰ་རིའི་བུ་དེ་ལྟ་བས་ན  སྒོམ་ལམ་པས་ཆོས་རྣམས་སྟོང་པ་ཉིད་ལ་གཟུགས་ཀྱི་ཕུང་པོ་རང་བཞིན་མེད་པ།  ཚོར་བའི་ཕུང་པོ་རང་བཞིན་མེད་པ། འདུ་ཤེས་ཀྱི་ཕུང་པོ་རང་བཞིན་མེད་པ། འདུ་བྱེད་ཀྱི་ཕུང་པོ་རང་བཞིན་མེད་པ། རྣམ་པར་ཤེས་པའི་ཕུང་པོ་རང་བཞིན་མེད་པ་སོགས་ཕུང་པོ་ལྔ་པོ་ནི་སྤྲོས་པ་ཐམས་ཅད་བྲལ་བས་སྟོང་པ་ཉིད་དུ་སྣང་བ་ཡིན་ལ། མིག་གི་སྐྱེ་མཆེད་རང་བཞིན་མེད་པ། རྣ་བའི་སྐྱེ་མཆེད་རང་བཞིན་མེད་པ། སྣའི་སྐྱེ་མཆེད་རང་བཞིན་མེད་པ། ལྕེའི་སྐྱེ་མཆེད་རང་བཞིན་མེད་པ། ལུས་ཀྱི་སྐྱེ་མཆེད་རང་བཞིན་མེད་པ། ཡིད་ཀྱི་སྐྱེ་མཆེད་རང་བཞིན་མེད་པ། གཟུགས་ཀྱི་སྐྱེ་མཆེད་རང་བཞིན་མེད་པ། སྒྲའི་སྐྱེ་མཆེད་རང་བཞིན་མེད་པ། དྲིའི་སྐྱེ་མཆེད་རང་བཞིན་མེད་པ། རོའི་སྐྱེ་མཆེད་རང་བཞིན་མེད་པ། རེག་བྱའི་སྐྱེ་མཆེད་རང་བཞིན་མེད་པ། ཆོས་ཀྱི་སྐྱེ་མཆེད་རང་བཞིན་མེད་པ་ཞེས་པའི་བར་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ཀྱང་བདེན་གྲུབ་ཀྱི་ཚད་མེད་པ་རྟེན་འབྲེལ་སྒྱུ་མ་ཙམ་དུ་སྣང་བ་ཡིན་ཞེས་གསུངས་།  དོ་ནི་སྐྱེ་མཆེད་བཅུ་གཉིས་པོའི་དོན་ཡོངས་སུ་རྫོགས་པའི་ཚིག་ཡིན།  དེ་ཡང་མདོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ནས། །རྟ་དང་གླང་པོ་ཤིང་རྟ་རྣ་ཚོགས་བྱེད། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པ་དང་། གྲུབ་ཆེན་ཤ་བ་རི་པའི་དོ་ཧ་མཛོད་ལས།  རྨི་ལམ་དག་གི་བདེ་དང་སྡུག་བསྔལ་ཀུན། །སད་པའི་དུས་ན་རང་བཞིན་མེད་པའི་ཕྱིར། །རེ་དང་དོགས་པའི་བསམ་པ་ཀུན་སྤངས་ནས། །དགག་དང་སྒྲུབ་པའི་བསམ་པ་སུ་ཞིག་བྱེད། །ཅེས་གསུངས་པ་ལྟར་བློའི་ཡུལ་དུ་སྣང་བ་ལིང་ངེ་བ་འདི་ཐམས་ཅད་གང་ཟག་རང་གི་བློ་ཡིས་ཕར་སྤྲུལ་བ་དང་འཁྲུལ་བ་ཁོ་ན་ཡིན་པར་ལས།  ཡུལ་རང་ངོས་ནས་ལྷན་སྐྱེས་སུ་གྲུབ་པའི་དངོས་པོ་རང་རྐྱ་བ་ཞིག་གཏན་ནས་ཡོད་མི་སྲིད་པ་ཞིག་ཡིན།  དེས་ན་མིག་གི་ཁམས་རང་བཞིན་གྱི་གྲུབ་པ་མེད་པ་ཞེས་པ་ནས་ཡིད་ཀྱི་ཁམས་རང་བཞིན་མེདཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་རང་བཞིན་མེད་དོ་ཞེས་པའི་བར་ཁམས་བཅོ་བརྒྱད་ཀྱང་རྟེན་འབྲེལ་སྒྱུ་མ་ཙམ་དུ་བསྟན་པ་ཡིན།  ཁམས་བཅོ་བརྒྱད་ཀྱི་གྲངས་རྒྱ་དཔེ་ལ་གཞུང་འདིར་དྲངས་ཡོད་ནའང་ལོ་ཙྰ་བ་རྣམས་ཀྱིས་མིག་གི་ཁམས་མེད་ཅེས་པ་ནས་ཡིད་ཀྱི་ཁམས་མེད་ཅེས་པའི་བར་བསྡུས་པ་ཡིན་ཞེས་གྲགས་པ་ནི་འཐད་ལྡན་དུ་སྣང་ངོ་།  འདིར་ཚིག་ཚོགས་མང་བ་ལ་དོགས་ནས་ཁམས་ལྷག་མ་རྣམས་བགྲངས་མེད་པས་བལྟ་བ་འདོད་ན་བསྟན་བཅོས་ནང་དུ་མདོ་འདིའི་དོན་འགྲེལ་ཁག་ལ་གཟིགས་ན་མཁྱེན། དེ་འདྲའི་སྒོམ་ལམ་མཉམ་བཞག་པ་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱང་རང་བཞིན་གྱི་གྲུབ་པའི་བདེན་པར་མི་སྣང་བའི་ཚུལ་འདི་ལྟར་ཏེ།  བདག་འཛིན་མ་རིག་པ་ལས་བྱུང་བའི་ལས་ཀྱང་རང་བཞིན་མེདམ་རིག་པ་ཟད་པ་མེད་པ་ཞེས་པ་ནས་རྒ་ཤི་མེད་ཅེས་པའི་བར་བསྡུས་ནས་བསྟན་པ་ཡིན་ལ། འདིར་རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེ་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། ཁོ་བོས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འགྲེལ་པ་ཟུར་དུ་བྲིས་ཡོད་པས་འདིར་ཆེད་དུ་འགྲེལ་མེད། མདོར་ན་མ་རིག་པ་ནས་རྒ་ཤི་ཟད་པའི་བར་དུ་ཡང་རྟེན་འབྲེལ་བཅུ་གཉིས་པོ་ཐམས་ཅད་རང་བཞིན་གྱི་གྲུབ་པ་མེད་པའི་སྣང་བ་སྒྱུ་མའི་ངོ་བོ་ཉིད་དོ། །དེ་བཞིན་དུ་སྡུག་བསྔལ་བ་རྣམས་རང་བཞིན་གྱི་གྲུབ་པ་མེད་པ་དང་།  ཀུན་འབྱུང་བ་རྣམས་ཀྱང་རང་བཞིན་གྱི་གྲུབ་པ་མེད་པ་དང་། འགོག་པའི་བདེན་པ་རང་བཞིན་གྱི་གྲུབ་པ་མེད་པ་དང་  ལམ་བདེན་ཉིད་ཀྱང་སྒོམ་ལམ་མཉམ་བཞག་པ་དེའི་ངོར་བདེན་པར་མེད་ཅེས་པའི་བར་དམིགས་བྱ་ཡུལ་བདེན་པ་གྲུབ་པར་ཡེ་ནས་མེད་ཅེས་གསུངས་པ་ཡིན། དམིགས་བྱེད་སྒོམ་ལམ་མཉམ་བཞག་ཡེ་ཤེས་རང་ཉིད་ཀྱང་རང་ངོས་ནས་གྲུབ་པ་མེདཐོབ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པ་ཡང་རང་བཞིན་གྱིས་གྲུབ་པ་མེད།  འབྲས་བུ་མ་ཐོབ་པ་དེ་ཡང་རང་བཞིན་གྱིས་གྲུབ་པ་མེད། མདོར་ན་ཐོབ་དང་མ་ཐོབ་ཀུན་ལས་འདས་ཤིང་སྒྲོ་འདོགས་དང་།  སྐུར་འདེབས་ཀྱི་མཐའ་དང་བྲལ་བའི་ཟབ་མོ་འདི་ནི་སྒོམ་ལམ་དུ་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བའི་སྟོང་ཉིད་ལ་རོ་གཅིག་ཏུ་མཉམ་པར་བཞག་པའི་སྐབས་ཡིན་ནོ། །
གཉིས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སློབ་ཚུལ་ནི།  ཡང་སྤྱན་རས་གཟིགས་ཀྱིས་གསུངས་པར་འདི་ལྟར། ཤྰ་རིའི་བུ་ཡིས་གོང་དུ་གསུངས་པའི་ཚུལ་དེ་ལྟ་བས་ནབྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟབ་མོའི་ཆོས་ལ་ཐོབ་པ་མེད་པའི་ཕྱིར  ཇི་ལྟར་ཐོབ་པ་མེད་ཅེ་ན།  སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་པའི་བྱང་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བརྟེནཅིང་མཉམ་བཞག་ལ་གནས་པར་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སྒོམ་ལམ་རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར།
བཞི་པ་མི་སློབ་ལམ་ལ་སློབ་ཚུལ་ནི།  སྟོང་ཉིད་ཀྱི་དོན་རྟོགས་ན་སེམས་ལ་བདེན་འཛིན་གྱི་སྒྲིབ་པ་མེད་པས་སྐྱེ་རྒལ་ན་འཆི་ལ་འཇིགས་ཤིང་སྐྲག་པ་ཡང་མེད་དོ།  ཕྱིན་ཅི་ལོག་གི་སྒྲིབ་པ་ལས་ཤིན་ཏུ་འདས་ནས་སྤང་རྟོགས་གཉིས་ཐོབ་པ་ཡིན། གཞན་ཡང་སྒྲིབ་གཉིས་ཀྱི་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་གོ་འཕང་མཐར་ཕྱིན་པ་ཐོབ་པའི་ཕྱིར། ཏོ་ཞེས་པ་ནི་སྐབས་དེའི་དོན་རྫོགས་པའི་ཚིག་ཡིན།  མདོར་ན་འདས་མ་འོངས་ད་ལྟ་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་དོན་གྱི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ཟབ་མོ་འདི་ལ་བརྟེན་ནས་འབྲས་བུ་བླ་ན་མེད་པ་ཡང་དག་པ་རྫོགས་པའིབྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སྤྱན་རས་གཟིགས་ཀྱིས་གསུངས་པ་ཡིན།
གཉིས་པ་དབང་རྣོད་ལ་སྔགས་ཙམ་དུ་བསྡུས་ནས་བསྟན་པ་ནི།  སྔར་བཤད་པ་དེ་ལྟ་བས་ན། ནང་གི་རྣམ་པར་ཤེས་པའི་བག་ཆགས་ཀུན་སེལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས  ཕྱིའི་མཚན་མ་ཐམས་ཅད་ངོ་བོ་ཉིད་ཀྱི་སངས་པས་རིག་པ་ཆེན་པོའི་སྔགས། ཕྱི་ནང་གཉིས་ཀའི་མཚན་མ་ཐམས་ཅད་སེལ་བས་བླ་ནའམ་འགྲན་ཟླ་མེད་པའི་སྔགས། ཉན་རང་གི་སྤྱོད་པ་དང་མི་མཉམ་པ་དང་སངས་རྒྱས་ཀྱི་ཡེ་ཤེས་དང་མཉམ་པར་བྱེད་པའི་སྔགས  ལས་ཉོན་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་སྤོང་ཞིང་སེམས་ཅན་གྱི་དོན་མ་ལུས་པར་རབ་ཏུ་ཞི་བར་བྱེད་པའི་སྔགས། དེ་དག་མི་བརྫུན་པའི་ཕྱིར་ན་ཀུན་རྫོབ་བརྫུན་པ་ཡིན་པས་བདེན་པར་ཤེས་པར་བྱ་སྟེ་ཞེས་པ་ནི།  དེ་ལྟར་ཤེས་པར་བྱ་ཞེས་པའི་དོན་ཡིན་ཞིང་  ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་འདི་འདྲ་ཞིག་སྨྲས་པ་བྱ་དགོས་ཏེ།  ཇི་ལྟར་དགོས་ཤེ་ན། ཏྰཀྱ་ཐ་ཞེས་པ་ནི། དོན་འདི་རྣམས་མངོན་དུ་བྱས་ནས་བཟླས་པར་བྱ་ཞེས་སྟོན་པ་ཡིན། ག་ཏེ་ཞེས་པ་ཚོགས་ལམ་ལ་སོང་ཞིག་ཅེས་པའི་དོན་ཡིན།  ག་ཏེ་ཞེས་པ་སྦྱོར་ལམ་ལ་སོང་ཞིག་ཅེས་པའི་དོན་ཡིན། པྰ་ར་སཾ་ཞེས་པ་ཕ་རོལ་ཏུ་ཕྱིན་པའི་སྒོམ་ལམ་དུ་ཡང་དག་པར་སོང་ཞིག་ཅེས་པའི་དོན་ཡིན། ག་ཏེ་ཞེས་པ་མི་སློབ་ལམ་ལ་སོང་ཞིག་ཅེས་པའི་དོན་ཡིན།  བོ་དྷི་ཞེས་པ་ཀུན་མཁྱེན་ཡེ་ཤེས་ཀྱི་ལམ་ལ་སོང་ཞིག་ཅེས་གདུལ་བྱ་དབང་རྣོན་རྣམས་ལ་སྔགས་འདི་བསྟན་པ་ཙམ་གྱིས་ས་ལམ་གྱི་རིམ་པ་རྟོགས་ནུས་པ་ལ་དགོངས་ནས་གསུངས་པ་ཞིག་ཡིན། སྭ་ཧྰ་ཞེས་པ་ནི་སྔགས་འདི་བཟླས་ནས་འབྲས་བུ་སངས་རྒྱས་ཐོབ་པའི་ཕྱིར་ཏུ་བྱིན་གྱིས་རླབས་པ་ཡིན།  འདི་ནི་གདུལ་བྱ་དབང་རྣོན་རྣམས་ལ་ལྟོས་ནས་སྔགས་སུ་གསུངས་པ་ཡིན་ཞིང་རྒྱུད་སྡེ་བཞིའི་ཁོངས་སུ་གཏོགས་པའི་སྔགས་སུ་གོ་བར་མི་བྱ་སྟེ།  རྒྱུད་སྡེ་བཞིའི་ཁོངས་སུ་གཏོགས་པའི་སྔགས་ཡིན་ན་ཐ་མལ་པའི་སྣང་ཞེན་ལས་སྐྱོབ་ཅིང་གང་སྣང་ལྷ་སྐུ་འཆར་བ་ཞིག་ཡིན་དགོས་པའི་ཕྱིར། བསྟན་བཅོས་ནང་དུ་རྒྱ་གར་གྱི་གཞུང་འགའ་ཞིག་གིས་ཤེས་རབ་སྙིང་པོའི་སྔགས་འདི་གསང་སྔགས་ཀྱི་གྲས་སུ་འཆད་འདུག་ཀྱང་དེ་ལྟར་བཞེད་ན་ལུང་རིག་གཉིས་ཀྱིས་གནོད་སྐྱོན་དུ་མ་འབྱུང་བ་ཡིན་ལ། ས་པཎྜི་ཏིའི་སྡོམ་གསུམ་ལས་ཀྱང་།  ལྟུང་བཤགས་དང་ནི་ཤེར་སྙིང་སོགས། །སྔགས་ལུགས་ཡིན་ཞེས་འཆད་པ་ཐོས། །ཞེས་མི་འཐད་པའི་ཚུལ་སྨྲོས་པ་ལ་རྗེས་སུ་ཡི་རང་བྱའོ། །
གསུམ་པ་དོན་བསྡུས་པ་ནི། ཤྰ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་གོང་དུ་གསུངས་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་དག་ལ་བསླབ་པར་བྱའོ། །ཞེས་སྤྱན་རས་གཟིགས་ཀྱིས་གསུངས་སོ། །
གསུམ་པ་སྟོན་པས་དེ་ལ་མཐུན་འགྱུར་བྱིན་པ་ནི།  དེ་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་བཅོམ་ལྡན་འདས་ཤྰཀྱའི་རྒྱལ་པོ་ཐུགས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་ལས་བཞེངས་ཏེ  ཤྰ་རིའི་བུ་དང་སྤྱན་རས་གཟིགས་རྣམ་གཉིས་ལ་མཐུན་འགྱུར་བྱིན་པའི་དགོངས་པ་མཛད་ནས།  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ།  སྟོན་པ་ཤྰཀྱའི་རྒྱལ་པོས་ཐུགས་དགྱེས་མཉེས་ཆེན་པོས་ལེགས་སོ་ཞེས་བྱ་བ་བྱིན་པར་སྔོན་དུ་བཏང་ནས ཁྱེད་གཉིས་ཀྱིས་དྲི་བ་དང་དྲི་ལན་མཛད་པའི་བྱ་བ་ཐམས་ཅད་ལེགས་སོ་ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ་སྤྱན་རས་གཟིགས་ཀྱིས་གསུངས་པ་ལྟར་ཆོས་ཐམས་ཅད་དེ་དེ་བཞིན་དུ་ཡིན་ནོ། །ཆོས་ཐམས་ཅད་དེ་གཉིས་ཀྱིས་བགྲོ་གླེང་མཛད་པ་དེ་བཞིན་དུ་ཡིན་པར་ཀུན་གྱི་མཁྱེན་དགོས་པ་ཡིན་ཏེཇི་ལྟར་ན། ཁྱེད་གཉིས་ཀྱིས་དྲི་བ་དྲི་ལན་གྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་ཆོས་འདི་་ཀུན་གྱིས་སྤྱོད་པར་བྱ་སྟེ ཅིའི་ཕྱིར་ཞེ་ན། དེ་འདྲ་བའི་ཟབ་མོ་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དོན་འདི་ལ་རྗེས་སུ་ཡི་རང་ངོ་ཞེས་པ་ནི་རྗེས་སུ་གནང་བའི་བཀའ་ཡིན་པར་ཤེས་པར་གྱིས།
བཞི་པ་འཁོར་རྣམས་རྗེས་སུ་འཛིན་པར་གདམས་པ་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་བར་མཛད་ནསཚེ་དང་ལྡན་པ་ཤྰ་ར་དྰ་ཏིའི་བུ་ཞེས་ཡོངས་སུ་གྲགས་པའི་དགྲ་བཅོམ་པ་དེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་  གནས་དེར་ཡོན་ཏན་ཐམས་ཅད་དང་ལྡན་པའི་འཁོར་དགེ་འདུན་གྱི་དགེ་སློང་དང་།  བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་དང་།  གཞན་ཡང་ལྷ་དང་རྐང་གཉིས་མི་རྣམས་དང་།  ལྷ་མ་ཡིན་གྱི་འགྲོ་བ་རྣམས་དང་དྲི་ཟར་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཤྰ་རིའི་བུ་དང་སྤྱན་རས་གཟིགས་གཉིས་ཀྱིས་དྲི་བ་དྲི་ལན་དང་། སྟོན་པས་བྱིན་རླབས་མཛད་པའི་གནས་འདི་ལ་རྗེས་སུ་ཡི་རངས་ཏེ།  བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལ་འཇིག་རྟེན་འགྲོ་བ་ལྷ་དང་བཅས་པ་ཀུན་གྱིས་མངོན་པར་དགའ་ཞིང་སྤྲོ་བ་དང་བཅས་པས་བསྟོད་དོ་ཞེས་དེ་ལྟར་གསུངས་པའི་གཞུང་འདིའི་ཟབ་མོ་བཞི་ལྡན་དང་། ཟབ་མོ་བརྒྱད་ལྡན་གྱི་དོན་བསྟན་པ་རྣམས་ཡིད་ལ་དྲན་བཞིན་པའི་ངང་དུ་ཟབ་མདོ་འདི་བཏོན་ན་བྱིན་རླབས་ནུས་མཐུ་ཤིན་ཏུ་ཆེ་བ་ཡོད་དེ།  སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་མདོ་འདི་དང་སྔགས་འདི་བཏོན་པའི་རྗེས་སུ་བདེན་སྟོབས་བརྗོད་ནས་ཐལ་མོ་ལན་གསུམ་བརྡབ་པའི་མཐུས་བདུད་སྡིག་ཅན་རྣམས་ཕྱིར་བཟློགས་པའི་གསུང་རྒྱུན་ཡོད་པ་བཞིན་དུ་དོན་གཉེན་ཅན་དག་གིས་ཉམས་སུ་བླང་བར་བྱའོ། །
བཞི་པ་མཇུག་གི་དོན་ནི། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྫོགས་སོ། །དེ་ལྟ་བུའི་ཤོ་ལོ་ཀ་ཉེར་ལྔ་ཡོད་པའི་མདོ་གཞུང་ཟབ་མོ་འདི་རྒྱ་གར་གྱི་པཎྜི་ཏ་བི་མ་ལ་དང་བོད་ཀྱི་ལོ་ཙྰ་བ་རིན་ཆེན་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདིར་སྨྲས་པ།
འདི་ཕྱིའི་ཀུན་ཕན་ཟབ་མོ་འགྲེལ་བའི་བློ། །
འདི་འདྲའི་སྤོབས་པ་བདག་ལ་མེད་ན་ཡང་། །
འདི་ནི་སྲིང་མོས་རེ་སྨོན་ཇི་བཞིན་དུ། །
འདི་འདྲ་ཐོས་ཚད་ཀུན་ལ་ཕན་གྱུར་ཅིག །
མི་མཆོག་རྒྱལ་བའི་གསུང་ཟབ་ཉིང་ཁུ་ལ། །
མི་ཐ་བློ་རྟུལ་བདག་གིས་མཆན་སྦྱར་འདིར། །
མི་མཐུན་གཞུང་དང་འགལ་བ་མཆིས་སྲིད་ན། །
མི་ནོར་མཁས་གྲུབ་དམ་པས་བཟོད་པ་མཛོད། །
ཅེས་སྲིང་མོ་འཛོམ་དབྱངས་སོགས་དོན་གཉེན་ཅན་འགའ་ཞིག་གིས་ཤེས་རབ་སྙིང་པོའི་གོ་དོན་མི་ཤེས་མཁན་ལ་ཕན་པའི་ཆེད་དུ་རིང་མོ་ནས་བསྐུལ་བ་ལྟར་བསྟན་བཅོས་ནང་དུ་ཤེས་སྙིང་དོན་འགྲེལ་འགའ་ཞིག་དང་བོད་འགྲེལ་གཉིས་ཙམ་མཇལ་ཡང་གཞུང་གོང་འོག་ཀུན་ལ་ཚིག་དོན་སྦྱར་ནས་བྲིས་པ་ཞིག་མ་མཐོང་བས་འདི་འདྲ་ཞིག་འབྲི་ན་ཅུང་ཟད་ཕན་སྲིད་སྙམ་སྟེ། གངས་རི་ཀརྨ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་༣༣་སོན་པའི་ཕྱི་ལོ་༡༩༩༧་ལོར་ཆུ་སྟོན་ཟླ་བའི་ཚེས་༤་སྟོན་པའི་ཆོས་འཁོར་བསྐོར་བའི་ཉིན་མོར་མཇུག་རྫོགས་པ་བྲིས་སོ། །




༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།