རྡོ་བཅུད་སྒྲུབ་ཐབས་སྙིང་བསྡུས་བཞུགས་སོ།
།
སྤྱིར་བཅུད་ལེན་ལ་རིགས་མི་འདྲ་བ་སྣ་ཚོགས་སུ་མཆིས་ཀྱང་སྐབས་འདིར་རྡོའི་བཅུད་ལེན་དང་མེ་ཏོག་བཅུད་ལེན་གཉིས་ཀྱི་སྒྲུབ་ཐབས་ཀྱི་མན་ངག་སྙིང་པོ་ནི། དང་པོ་རྡོའི་བཅུད་ལེན་གྱི་སྒྲུབ་ཐབས་ལ་བདུན་ཡོད་དེ། རྡོ་བརྟག་པ། རྡོ་ཐུ་བ། རྡོ་ལ་བྱིན་གྱིས་རླབས་པ། རྡོའི་གེགས་སེལ་བ། རྡོ་བཟའ་བའི་ཐབས། དམ་ཚིག་སྲུང་བ། ཕན་ཡོན་ནོ། དང་པོ་རྡོ་བརྟག་པ་ལ་ལྔ་ཡོད་དེ། ཤ་ཆེན་གྱི་རྡོ། ཚིལ་ཆེན་གྱི་རྡོ། རུས་ཅན་གྱི་རྡོ། མཁྲིས་ཅན་གྱི་རྡོ། ཤི་ཤ་ཅན་གྱི་རྡོ་རྣམས་ཡིན། དང་པོ་ཤ་ཆེན་གྱི་རྡོ་ནི་མཚོན་མདོག་རིགས་མི་འདྲ་བ་སྣ་ཚོགས་ཡོད་པའི་ཕྱིར་ན་མཚོན་གཞི་ལ་ངེས་ཚིག་བརྗོད་མི་ནུས་ཀྱང་རྡོ་དེ་བཟའ་ཚེ་ཁ་ནང་གི་སོ་མི་རྩིང་བར་འཇམ་པོ་ཡོད། རྡོ་དེ་བཟའ་དུས་བ་གླང་གི་ཤ་དང་རྟའི་ཤ་སོགས་ཤ་ཆེན་ཞིག་བཟའ་བ་ལྟ་བུ་ཡོད་པའི་ཕྱིར་ན་ཤ་ཆེན་གྱི་རྡོ་ཞེས་ཐ་སྙད་བཏགས་པ་ཞིག་རེད། ཁོ་བོས་ཤེས་ཚོད་ལ་རྡོ་འདི་འབྲུག་སྤ་གྲོ་སྟག་ཚང་དང་། ཕག་གྲུའི་གདན་ས། ལྷོ་བྲག་མཁར་ཆུ་གཟད་ཀྱི་བྱི་མ་ལུང་། སྨར་ཁམས་སྲིན་ཆེན་བྲག་རི།
སྨར་སྟོད་ཁྱུང་འབུམ་གྱི་ཡངས་རིའི་དབེན་ཁྲོད་སོགས་ལ་ཡོད་པ་ཡིན། གཉིས་པ་ཚིལ་ཆེན་གྱི་རྡོ་ནི་མཚོན་མདོག་དཀར་པོ་ཚིལ་ལུའི་མདོག་ལྟ་བུ་ཡོད། རྡོ་འདི་བཟའ་དུས་གླང་ཆེན་དང་རྟའི་ཚིལ་ལུ་ཟ་བ་ལྟ་བུ་ཡོད་པའི་ཕྱིར་ན་ཚིལ་ཆེན་གྱི་རྡོ་ཞེས་ཐ་སྙད་བཏགས་པ་ཡིན། རྡོ་འདི་ངའི་མྱོང་ཚོར་ལྟར་བྱས་ན་ནོར་ལུག་གི་ཚིལ་ལུ་སྐམ་པོ་ལ་སོ་རྒྱག་པ་ལྟ་བུའི་ཚོར་སྣང་བྱུང་། རྡོ་འདི་ཟ་དུས་ཁ་ནང་དུ་དྲི་མ་ཞིམ་པོ་ཡང་དྲོ་མཁན་ཞིག་ཡིན། ཚིལ་ཆེན་གྱི་རྡོ་འདི་སྨར་ཁམས་ཙོང་ཤོད་ཀྱི་ཁྱབ་གཏོགས་ཡུལ་ལྷ་ཤེས་རབ་བན་རྒན་གྱི་རི་བོའི་མདའ་ལ་འདམ་ལག་ཟེར་བའི་ནགས་ཚལ་གྱི་ལམ་ཟུར་ཞིག་ན་ཡོད། རྡོ་བཅུད་ལེན་རོལ་བའི་རྣལ་འབྱོར་པ་ཞིག་ཟས་སུ་ལོངས་སྤྱོད་བྱའི་རྡོའི་རིགས་འདི་གཉིས་ཁོ་ན་ལས་རྡོ་གཞན་རྣམས་བཟའ་མི་རུང་བར་ཤེས་པར་གྱིས། གསུམ་པ་རུས་ཅན་གྱི་རྡོ་ནི་མདོག་དཀར་པོ་མི་སྦར་སའི་མེ་རྡོ་སོགས་རུས་པ་འདྲ་བའི་རྡོའི་རིགས་ལ་ཟེར་བ་ཡིན་པས་བཟའ་མི་རུང་། བཞི་པ་མཁྲིས་ཅན་གྱི་རྡོ་ནི་གཡའ་རྡོ་དང་ཆུ་རྡོ་སོགས་མཁྲིས་པ་འདྲ་བའི་རྡོའི་རིགས་ལ་ཟེར་བ་ཡིན་པས་བཟའ་མི་རུང་། ལྔ་པ་ཤི་ཤ་ཅན་གྱི་རྡོ་ནི་འཚོ་ཟས་མ་རྙེད་པས་མུག་ཤི་བྱས་པའི་སེམས་ཅན་གྱི་ཤ་ལ་ནུས་པ་མེད་པར་ལྟར་རྡོ་ཕལ་བ་རྣམས་བཟའ་ན་ནུས་པ་མེད་པའི་ཕྱིར་ན་ཤི་ཤ་ཅན་གྱི་རྡོ་ཟེར་བ་ཡིན་པས་བཟའ་མི་རུང་། གཉིས་པ་རྡོ་ཐུ་བ་ནི། རྡོ་འདི་ཐུ་དུས་དང་པོ་རང་ཉིད་རྡོ་ཡོད་ས་དེར་བསྡད་ནས་དཀོན་མཆོག་གསུམ་ལ་བློ་ལིང་སྐྱོལ་བྱས་པའི་སྐྱབས་འགྲོ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དུ་ཡིན་སྙམ་པའི་སེམས་བསྐྱེད་ཀྱི་ཚིག་ངག་ཏུ་བརྗོད་བཞིན་དོན་ཡིད་ལ་དྲན་བཞིན་དུ་གང་མང་གདོན་པར་བྱ། རང་ཉིད་རྟ་མགྲིན་དཔའ་བོ་གཅིག་པའི་བསྐྱེད་རིམ་གྱི་ལྷའི་གསལ་སྣང་ཁྲ་ལྷང་ངེ་བར་ཞིག་བསྒོམ་དགོས་པ་ཡིན། རང་ཉིད་གང་དུ་གནས་པའི་སྣོད་བཅུད་ཐམས་ཅད་རྟ་མགྲིན་གྱི་གཞལ་ཡས་ཁམས་ཡིན་སྙམ་པའི་དམིགས་སྣང་བཟུང་ལ། རང་གི་ལག་པའི་སོར་མོ་ལྔ་པོ་མཁའ་འགྲོ་སྡེ་ལྔ་ཡིན་སྙམ་པའི་དམིགས་སྣང་གསལ་པོ་བཟུང་ནས་རྡོ་རྣམས་ཐུ་བར་དང་ངག་ཏུ་རྡོ་བདུད་རྩིར་སྒྱུར་བའི་སྔགས་འདི་འདོན་པར་བྱ། ཨོཾ་ཏྲིག་ཡེར་ཏྲིག་ཡེར་སྭྰ་ཧྰ། ཞེས་བར་མཚམས་མ་ཆད་པར་འདོན་བཞིན་དུ་ལག་པས་ཐུ་བའི་རྡོ་ཐམས་ཅད་བདུད་རྩིར་གྱུར་སོང་སྙམ་པའི་ཡིད་ཆེས་དང་མོས་གུས་རྣལ་མ་ཞིག་སྐྱེ་ཐུབ་དགོས་པ་ཡིན། རྡོ་ཐུ་མ་ཚར་གྱི་བར་ལག་པས་རྡོ་ཐུ་བ་དང་ངག་ཏུ་སྔགས་འདོན་པ་སོགས་སྒོ་གསུམ་གྱི་སྤྱོད་ལམ་ཅི་བྱས་ཀྱང་ཡི་དམ་རྟ་མགྲིན་ཡིན་སྙམ་པའི་བསྐྱེད་རིམ་གྱི་དམིགས་སྣང་མ་ཡལ་བའི་ངང་དུ་རྡོ་རྣམས་ཟངས་དཀར་གྱི་སྣོད་དང་རྫ་མའི་སྣོད་གང་རུང་ཞིག་གི་ནང་དུ་བླུགས་ཏེ། སླར་རང་གི་སྡོད་གནས་སུ་བསྐྱོད་པའི་ལམ་བར་དུ་ཡང་རབ་བྱུང་ན་བསྐྱེད་རིམ་མ་ཡལ་བའི་ངང་དུ་སྔགས་དྲངས་བཞིན་དུ་བསྐྱོད་ལ། དེ་ལྟར་མ་བྱུང་ན་སྔགས་དྲངས་བཞིན་དུ་སྡོད་གནས་སུ་ཕྱིར་ཕེབས་དགོས་པར་གནད་ཆེ་བར་ཡིན་ནོ། །གསུམ་པ་རྡོ་ལ་བྱིན་གྱིས་རླབས་པ་ནི། ཟངས་དཀར་པོ་དང་རྫ་མའི་སྣོད་གང་རུང་ཞིག་གི་ནང་དུ་རྡོ་རྣམས་ཀྱི་ལྷན་དུ་བཟང་པོ་དྲུག་ལ་སོགས་པ་སྨན་སྣ་སྤུས་ལེགས་རྣམས་དང་ཆུ་གཙང་ཡང་བླུགས་ནས་ཐབ་ཀྱི་སྟེང་དུ་བཙོ་སྦྱང་བྱེད་བཞིན་དུ། གུ་གུལ་བདུག་ལ་ཡུངས་དཀར་བྲབ་བར་བྱ། རྡོ་རྣམས་བཙོ་སྦྱང་བྱས་ཚར་བ་དང་ཐོད་པ་ནང་དུ་བླུགས་ནས་སྟེགས་བུའི་དཀྱིལ་དུ་བཤམ་ཞིང་མདུན་དུ་ཉེར་སྤྱོད་མཆོད་པ་ཕུལ་བར་བྱ། དེ་ནས་སྐྱབས་སེམས་ལན་གསུམ་གདོན་པར་བྱ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་སྦྱིན་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ནས་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་ལྷར་བསྐྱེད་པར་བྱ།
འདིའི་འཕྲོ་མུ་འགོད།
འདིའི་འཕྲོ་མུ་འགོད།