འགྲོ་མགོན་གངས་རི་ཀརྨའི་གསོལ་འདེབས་འཆི་མེད་བདུད་རྩི།


ཨོཾ་སྭ་སྟི། །མཆོག་ཏུ་མི་འགྱུར་ཡེ་ཤེས་ཚེ་མཐར་ཡས། །
རྣམ་མང་སྒྱུ་འཕྲུལ་འཕགས་མ་བི་ཛ་ཡ། །




རྒྱལ་ཀུན་ཡུམ་གྱུར་ཨྰརྱ་ཏྰ་རེ་མ། །
རྣམ་གསུམ་འཆི་མེད་ཚེ་ལྷས་དགེ་ལེགས་སྩོལ། །
མི་ལ་ཡབ་སྲས་ཐུགས་རྗེའི་ཆུ་གཏེར་ལས། །
ཕན་བདེའི་ཀུནྜ་རྒྱས་པའི་དཔལ་བལྟམས་པ། །
བསྟན་འཛིན་ཀུན་དགའ་བདུད་རྩིའི་འོད་དཀར་ཅན། །
ལྔ་བདོའི་མུན་སེལ་སྒྲོན་མེར་གསོལ་བར་འདེབས། །

བདེན་གཉིས་དབྱངས་ཀྱི་ཡན་ལག་ཡོངས་རྫོགས་པས། །
ཀུན་ཏུ་བཟང་པོ་ཐེགས་མཆོག་སེངྒེའི་སྒྲས། །
ལྟ་དམན་རི་དྭགས་ཟིལ་གནོན་དགའ་བ་འབུམ། །
འགག་མེད་གསུང་དབྱངས་སྒྲོག་བཞིན་རྟག་བརྟན་ཤོག །

ཚོགས་གཉིས་ཕུལ་བྱུང་ལང་ཚོའི་མཛེས་སྡུག་བཀྲ། །
གསལ་རྫོགས་རྒྱལ་བའི་མཚན་དང་དཔེ་བྱེད་ཟླ། །
མཐོང་ན་མི་མཐུན་མེད་པའི་རབ་བརྗིད་སྐུ། །
མི་འགྱུར་རྡོ་རྗེའི་ཁམས་སུ་འཚོ་བཞེས་གསོལ། །

གསན་བསམ་སྒོམ་པས་གོང་མའི་བསྟན་པ་འཛིན། །
དུས་གསུམ་ཀུན་ཏུ་འཆད་རྩོད་རྩོམ་པས་འདའ། །
གདུལ་བྱའི་དགའ་སྟོན་སྤེལ་ལ་རྒྱལ་སྲས་བཞིན། །
མཚུངས་མེད་མཚན་གྱིས་སྙན་དེ་ཞབས་བརྟན་ཤོག །

ངག་ལ་དབང་ཐོབ་ཤེས་བྱར་གཟིགས་པ་ཡངས། །
འགྲོ་ཀུན་དགའ་སྟེར་དམིགས་མེད་སྙིང་རྗེའི་མཛོད། །
མཐུ་སྟོབས་ནུས་པའི་འབྱུང་གནས་འཕྲིན་ལས་ཅན། །
མཁྱེན་ནུས་བརྩེ་བ་མངའ་ལྡན་ཞབས་བརྟན་གསོལ། །

མཁས་མང་མགུ་བའི་གཟུངས་སྤོབས་བློ་གྲོས་མཁར། །
ཁྲིམས་འཆལ་འགོག་པའི་ཚུལ་ཁྲིམས་འོད་སྟོང་ལྡན། །
བཟང་པོའི་ཐུགས་བསྐྱེད་གདུལ་བྱའི་པདྨོའི་ཚལ། །
འབྱེད་པའི་དེད་དཔོན་དམ་པ་ཞབས་བརྟན་ཤོག །

མང་ཐོས་ལུང་གི་འདབ་སྟོང་གྲོལ་བ་ལས། །
རྟོགས་པའི་སྦྲང་རྩིའི་ཟིལ་མངར་རྟགས་འཇོ་བས། །
ཡིད་ཅན་རྣམ་གྲོལ་བདུད་རྩིའི་ངལ་འཚོལ་ལ། །
སྦྱོར་བའི་བཤེས་གཉེན་རྨད་བྱུང་ཞབས་བརྟན་ཤོག །

དྲི་མེད་རྒྱལ་བསྟན་རིས་བྲལ་གངས་རིའི་སྤོར། །
བཤད་སྒྲུབ་རྩལ་རྫོགས་གདོང་ལྔའི་དབང་པོ་ཁྱོད། །
མི་མཐུན་ཉེར་འཚོའི་དཔུང་གིས་མི་བརྫི་བར། །
གཡོ་མེད་ཆོས་བདུན་རྗེས་འགྲོར་རྟག་བརྟན་ཤོག །

དགག་བཞག་དཔང་གསུམ་རིག་པའི་གར་སྟབས་ཀྱིས། །
དྲང་ངེས་ཆོས་ཀྱི་རྒྱུད་མང་རབ་ཁྲོལ་བས། །
བློ་ལྡན་སྒྲ་འཛིན་འཇེབས་པའི་སྙན་བརྒྱུད་གླུས། །
རྒྱལ་བསྟན་གསལ་བའི་བྱེད་པོ་རྟག་བཞུགས་གསོལ། །

མདོ་རྒྱུད་ལམ་གྱི་རིག་པའི་ཡིད་བཞིན་དབང་། །
དཔྱད་འཇོག་བ་དན་ཐོད་དུ་རབ་བསྒྲེངས་ནས། །
དོན་གཉིས་དབྱིག་གི་སྦྲང་ཆར་འབེབས་མཁས་པ། །
འགྲོ་བའི་བསོད་ནམས་ཉེར་འཚོར་རྟག་བརྟན་ཤོག །

མདོར་ན་གང་གི་ཞབས་ཟུང་བཀྲ་ཤིས་ཀྱིས། །
རེ་ཁྰ་མི་གཤེགས་གཡུང་དྲུང་ལེགས་བཀོད་དེ། །
བསྟན་འགྲོའི་འཕྲིན་ལས་འོད་སྣང་ཀུན་ཁྱབ་པའི། །
བཀྲ་ཤིས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །

དེ་ལྟར་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །
ཆོས་ཅན་ཆོས་ཉིད་བསླུ་མེད་བདེན་པའི་སྟོབས། །
བདག་གི་ལྷག་བསམ་དག་པའི་འདུན་སྨོན་གྱིས། །
འདོད་དོན་ལྷུན་གྱིས་འགྲུབ་པའི་དཔལ་དུ་ཤོག །
ཅེས་པའང་བསྟན་དང་འགྲོ་བའི་མགོན་པོ་མཚུངས་ཟླ་མ་མཆིས་པ་གངས་རི་ཀརྨའིམཚན་ཅན་གྱི་མཆོག་སྤྲུལ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་ནམ། མཚན་གཞན་ངག་དབང་ཀུན་དགའ་འབྱུང་གནས་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས་དགེ་བཤེས་ལྷ་རམ་པ་ངག་དབང་མཆོག་ལྡན་གང་གིས་གསུང་བསྐུལ་གནང་བ་དེ་བཞིན་རྫ་རོང་འཁྲུལ་ཞིག་ཞྭ་སྤྲུལ་དུ་འབོད་པའི་དགེ་སློང་ཝྰ་གིནྜ་དྷ་རྨ་མ་ཏིས་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་སྨོན་པའི་མཚམས་སྦྱོར་དྲག་པོས་བྲིས་ནས་ཕུལ་བས་ན། མགོན་པོ་གང་གི་ཞབས་ཟུང་སྲིད་མཐར་བསྟན་ཅིང་བསྟན་འགྲོར་སྨོན་པའི་བཞེད་དོན་ཡོངས་སུ་འགྲུབ་པའི་རྒྱུར་གྱུར་ཅིག །

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།