སྨར་ཁམས་པ་གངས་རི་ཀརྨའི་ཞབས་བརྟན་འཆི་མེད་རྟག་པའི་རྔ་སྒྲ།


དུས་གསུམ་རྒྱལ་བའི་ཡུམ་མཆོག་བཅོམ་ལྡན་མ། །
འཆི་མེད་ལྷ་མོའི་གཟུགས་ཀྱི་སྐུར་བཞེངས་པ། །
འཇིགས་རུང་འཁོར་བ་ལས་སྒྲོལ་ཏ་རེ་མས། །
འཆི་མེད་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ། །


ངག་གི་དབང་པོའི་ཐུགས་བསྐྱེད་ལྷ་ལམ་ལས། །
ཀུན་དགའི་རིང་ལུགས་པད་ཚལ་རྒྱས་མཛད་ཕྱིར། །
ཕྲིན་ལས་འོད་སྣང་བྱེ་བའི་འབྱུང་གནས་ཅན། །
བཤེས་གཉེན་ཉིན་བྱེད་དབང་པོ་ཞབས་བརྟན་གསོལ། །


སྐུ་ཚེའི་འདུ་བྱེད་རྩ་བ་རབ་ཏུ་བརྟན། །
ཐོས་བསམ་སྒོམ་པའི་ཡལ་འདབ་ཕྱོགས་བཅུར་རྒྱས། །
འཕྲིན་ལས་འབྲས་བུས་ལྕི་བའི་དཔག་བསམ་ཤིང་། །
ཕྱོགས་རྣམ་ཀུན་ལས་རྣམ་པར་རྒྱལ་གྱུར་ཅིག །


དཀོན་མཆོག་རྣམ་གསུམ་བདེན་པའི་བྱིན་རླབས་དང་། །
དམ་ཅན་ཆོས་སྐྱོང་སྲུང་མའི་མཐུ་རྩལ་སྟོབས། །
ཆོས་ཉིད་རྟེན་འབྱུང་ཟབ་མོའི་བདེན་མཐུ་ཡིས། །
སྨོན་པའི་དོན་ཀུན་བདེ་བླག་འགྲུབ་གྱུར་ཅིག །
ཅེས་པ་འདི་ཡང་སྨར་ཁམས་གངས་རི་ཀརྨ་སྤྲུལ་སྐུའི་ཞབས་བརྟན་སྨོན་ཚིག་ཅིག་བྲིས་དགོས་ཞེས་དོན་གཉེན་ཅན་འགས་བསྐུལ་བ་ལྟར།   ས་སྐྱ་༧ཁྲི་འཛིན་སྒྲོལ་མ་ཕོ་བྲང་པ་ངག་དབང་ཀུན་དགས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །




༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།