བརྗེད་མི་རུང་བ།

 སྔ་དྲོའི་མཛའ་བརྩི་ཕྱི་དྲོར་དགྲ་རུ་འགྱུར།
དེ་རིང་གྲོགས་པོ་སང་ཉིན་འབྲེལ་ཐག་ཆད། །

ཡིད་གཏན་མེད་པའི་འཁོར་བའི་ཁྲོམ་ར་འདིར།
སེམས་ཁྱོད་འགྲིམས་པའི་ངལ་བ་གྲངས་ཀྱི་མེད། །

དགའ་བའི་ཁྲོད་དུ་སྡུག་གི་ཚོར་བར་སྐྱེས། །
སྡུག་གི་ཁྲོད་དུ་སྤྲོ་བའི་སྣང་བར་ཤར། །
དགའ་སྡུག་ངེས་མེད་སྒྱུ་མའི་རྨི་ལམ་གྱིས། །
སེམས་ཁྱོད་བསླུས་པར་གྲངས་ཀྱི་ག་ལ་ཆོད། །

སྐབས་འགའ་དམན་པའི་གནས་ལ་ཡིད་རེ་སྐྱོ། །
སྐབས་འགའ་མཐོན་པོའི་གོ་ས་སུན་སྣང་སྐྱེས། །
མཐོ་དམན་ཚིག་ལ་བདེ་བའི་རེ་འདུན་གྱིས།
སེམས་ཁྱོད་ངོ་ཤ་ཕབ་པ་གྲངས་ཀྱི་མེད།

གྲོགས་མེད་ཁེ་རྐྱང་འདོད་པའི་རི་སུལ་ནས། །
གློ་བུར་གྲོགས་དང་གཡོག་འཁོར་རྙེད་དུ་རེ།
འཁོར་གཡོག་བུ་སློབ་འདོད་པའི་ཉོན་མོངས་ཀྱིས།
སེམས་ཁྱོད་གཏིང་ནས་དཀྲུག་པར་གྲངས་ཀྱི་མེད།

གདོད་མའི་ཡུལ་ནས་གྲུབ་པའི་གཉེན་བཤེས་དང་། །
འགྱུར་མེད་ཞེན་པ་ལོག་པའི་དགྲ་མེད་ཀྱང་།
དགྲ་གཉེན་གཡུལ་ངོར་འབྱེད་པའི་བྱང་ཐང་ལ། །
སྡུག་གི་གྲང་ངལ་མྱོང་བར་མཐའ་ནི་མེད།

གྲངས་མེད་ཡུལ་ནས་དུས་འདི་ཐུག་གིན་བར། །
ངེས་མེད་འཁོར་བར་འགྲིམ་པའི་ཤུལ་ལམ་ལ།
ཤེས་རབ་མིག་གིས་ཕྱིར་བལྟས་བྱས་པའི་ཚེ། །
སྐྱོ་བའི་ཡིད་ཀྱི་མཆི་མ་སེམས་ལ་ལྷུང་།

སེམས་ཁྱོད་ཕྱི་མར་དག་ཞིང་བགྲོད་ལམ་དུ། །
ཀུན་འབྱུང་དམག་དང་གཡུལ་ངོ་འབྱེད་དུས་སུ།
སྟོང་པ་ཉིད་ཀྱིས་གོ་འཁྲབ་བརྒྱན་སྤྲས་ནས། །
བྱང་ཆུབ་སེམས་ཀྱི་མདའ་གྲི་བརྗེད་མི་རུང།

སྲིད་པའི་རྩ་བ་ལས་དང་ཉོན་མོངས་ཀྱིས། །
རྣམ་འཕྲུལ་དུ་མས་བསླུ་བའི་དུས་འོང་པས།
ཆོས་སྐུ་སྒྱུ་མ་མཁྱེན་པའི་ཤེས་རབ་ཀྱིས། །
འཁྲུལ་མེད་ལམ་དུ་བཞུད་པར་བརྗེད་མི་རུང།

བྱིང་རྒོད་ཆོམ་རྐུན་ལམ་དུ་འཕྲད་པའི་དུས། །
དྲན་ཤེས་གཉིས་ཀྱིས་བྱ་ར་བྱེད་བཞིན་དུ།
ཞི་ལྷག་ཟུང་འབྲེལ་ཅང་ཤེས་མྱུར་ཞོན་ནས། །
བརྩོན་འགྲུས་ལྕག་གིས་སྐུལ་བར་བརྗེད་མི་རུ།

ཕུང་པོ་འཁོར་བའི་མགྲོན་ཁང་འདི་ཉིད་ལས།
རྣམ་ཤེས་མགྲོན་པོ་འབྲལ་ནས་འགྲོ་བའི་དུས། །
ཆགས་སྡང་གཉིས་ཀྱིས་སླར་ཡང་བསླུ་སྲིད་པས།
ཡི་དམ་ལྷ་ཚོགས་བསྐྱེད་རིམ་བརྗེད་མི་རུང་། །

སྣང་མཆེད་ཐོབ་གསུམ་རྒྱུད་པའི་མཐའ་མ་རུ།
མ་བཅོས་གཉུག་མའི་སེམས་ཀྱི་འོད་གསལ་ལ། །
ཞུགས་ནས་ཆོས་གཟུགས་གཉིས་པོ་གྲུབ་པའི་རྒྱུ།
བསྐྱེད་རྫོགས་ཟུང་འཇུག་བསྲེ་བར་བརྗེད་མི་རུང་། །

སེམས་ཁྱོད་སྲིད་པའི་ཡུལ་འདིའི་ཕ་རོལ་དུ།
བགྲོད་པའི་ལམ་མཆོག་འདི་ལ་གོམས་པ་ན། །
ཕྱི་མར་བདེ་ཆེན་ཞིང་དུ་སླེབས་ངེས་པས།
རྟག་ཏུ་འདི་ལ་འབད་པར་མརྗེད་མི་རུང་། །
ཞེས་རང་སེམས་ལ་བརྗེད་མི་རུང་བའི་སྐུལ་ཚིག་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༡༠་ཕྱི་ཟླ་༡་ཚེས་༥་ལ་རྦུ་རན་ཐེན་དུ་བྲིས་སོ།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།