༧སྐྱབས་མགོན་གོང་མའི་གསོལ་འདེབས།

རིག་སྟོང་འོད་གསལ་ཆོས་ཀྱི་ཀློང་ཡངས་སུ།  
འཁོར་འདས་དབང་བསྒྱུར་བླ་མ་རྡོ་རྗེ་འཆང་། །

མ་དག་འགྲོ་བའི་མགོན་དཔུང་ཉིད་བྱོན་པའི།
རྐང་གཉིས་མུན་སེལ་སྒྲོན་མེར་གསོལ་བར་འདེབས།
བརྩི་ཆེན་སྙིང་པོའི་གདམས་ངག་སྦྲང་ཆར་གྱིས། །
རླབས་ཆེན་ཐུགས་ཀྱི་རྒྱ་མཚོ་རབ་རྒྱས་ཏེ།
གྲངས་མེད་གདུལ་བྱ་མ་ལུས་གདུང་བ་སེལ། །
མགོན་མཆོག་ཡིད་བཞིན་ནོར་བུར་གསོལ་བར་འདེབས།

ཚད་མ་བཞི་ལྡན་སྙན་བརྒྱུད་ཚར་ཟེར་གྱིས། །
སློབ་འབངས་ཆུ་སྐྱེས་འདབ་སྟོང་ལེགས་རྒྱས་ནས།
བརྒྱུད་གསུམ་ཟེའུ་འབྲུ་སྨིན་མཛད་ས་སྐྱ་པ། །
གོང་མ་ཉིན་བྱེད་དབང་པོར་གསོལ་བར་འདེབས། །

གང་གི་རིང་ལུགས་མཁའ་དབྱིངས་དྭངས་མ་ལས། །
མཛད་འཕྲིན་ཟླ་འོད་འཛམ་གླིང་ཁྱོན་ཀུན་འཕྲོས།
བསྟན་འཛིན་རྒྱུ་སྐར་རློམ་རྣམས་མོག་པོར་གྱུར།
སྐྱབས་མགོན་རི་བོང་འཛིན་པར་གསོལ་བར་འདེབས། །


སྲིད་ན་ཟུར་ཕུད་ལྔ་པ་ལས་གཞན་པའི།
འབྱེད་ཆོས་བཙལ་ཀྱང་ཕྱག་ན་རལ་གྲི་ལས། །
དཔེར་ཟླ་རྙེད་པར་དཀའ་བའི་ས་སྐྱ་པ།
འཇམ་མགོན་བླ་མའི་ཞབས་ལ་གསོལ་བར་འདེབས། །


བསྟན་པ་གངས་རི་མཛེས་པའི་རྒྱན་གཅིག་པུ།
སེང་ཆེན་མན་ངག་གཡུ་རལ་འཕྱུར་བཞིན་དུ། །
ད་དུང་བསྟན་པ་དཔུང་གིས་ཉེར་བཏེགས་ནས།
སྐུ་ཚེ་ཡུན་དུ་སྲིངས་པར་གསོལ་བར་འདེབས། །
ཞེས་སྐྱབས་མགོན་༧་གོང་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས་གསེར་ཆོས་ཡིད་བཞིན་ནོར་བུ་ཅུང་ཟད་རོལ་བའི་བསྐལ་ལྡན་གྱི་ལས་འཕྲོ་ཅན། གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༤་ཚེས་༡༩་དབྱིན་ལེན་གྱི་བྱང་ཕྱོགས་མར་ཆུན་སི་ཐིར་བྲིས་པར་འདིས་ཀྱང་དྲིན་ཆེན་བླ་མར་དགྱེས་པའི་རྒྱུར་གྱུར་ཅིག

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།