ཆོས་རྗེ་སྨར་པའི་རྣམ་ཐར་གསེར་ཞུ་ཐིམ་པ།

           རྣམ་དཔྱོད་ཤེས་རབ་ཆུ་འཛིན་ལྡིང་ཁང་གི་དབྱིངས་ནས། །
           གཉུག་མའི་ཡེ་ཤེས་དབྱར་སྐྱེས་རྔ་ཆེན་རེ་ལྡིར་དུས། །
           སྒྲིབ་གཉིས་ནགས་ཀླུང་གསེབ་ནས་ཕྱག་ཆེན་གྱི་རྨ་བྱས། ། 
           བདེ་སྟོང་ཉམས་གར་རྩེན་པའི་སྨར་པ་ཁྱོད་མཁྱེན་ནོ། །

འདིའི་འཕྲོ་མུ་འགོད།

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།